གླག་རྒོད།
ངས་ལྷུན་པོའི་གྲིབ་གཟུགས་ཀྱི་ཁྲོད་དུ།
གྲང་ལྷགས་པ་ལྟོ་རུམ་དུ་བཅུགསྟེ།
ལུས་སྒྲོ་སྤུ་ཟིང་ཟིང་དུ་གཟེངས་པའི།
བྱ་ཐང་རྒོད་ཉི་འོད་ཀྱི་འོག་ཏུ།
དུས་ངེས་མེད་འཕུར་ལྡིང་ལ་བྲེལ་བཞིན།
མྱ་ངན་གྱི་དབྱངས།
ཞེ་སྡང་གི་སྐད།
ཁོང་ཁྲོ་ཡི་གདངས།
ལྷང་ལྷང་དུ་སྒྲོག་བཞིན།
འབྱུང་འགྱུར་ལ་མོས་པ་བཅངས།
འདུན་པ་ཡི་ཁྲག་གི་རྒྱུན།
རྩ་ལམ་གྱི་སྦུབས་སུ་རྒྱུ།
དྭངས་གཙང་གི་ཆུ་ཀླུང་བཞུར་ཡང༌།
སྐོམ་གདུང་གི་མེ་ལྕེས་བསྲེགས་པའི།
འཇིགས་རུང་གི་ལུང་པའི་ཕུགས་འདིར།
འུ་ཐུག་གི་དབུགས་རིང་ཤོར་སོང༌།
རྒྱུ་མཚན་ཅི།
དགུང་ཉི་མའི་ཚ་ཟེར་གྱི་མིག་གིས།
ཉམས་རྒུད་པའི་གངས་རི་ཡི་རྩེ་མོའི།
དཔའ་ཞུམ་མེད་བླ་སྲོག་ལ་གཟིགས་ཏེ།
དུས་གཏན་དུ་ཟད་མཐའ་ནི་མེད་པའི།
གྲང་འཁྱག་རླུང་དགུ་བརྩེགས་ཀྱི་ནང་ནས།
ཡར་འཕགས་པའི་ལམ་བུ་ནི་འཚོལ་ལོ།
ལམ་བུ་འཚོལ།
ཕྱི་འགྱུར་མེད་པའི་འདབ་གཤོག་གི་སྤུན་ཟུང༌།
དུས་ཆུ་ཚོད་བར་སྣང་མཇིང་བ་ལ་བཅིབས་ནས།
སྒྲོ་ཆ་གཅིག་ཐོར་ནས་རང་རང་སར་ལྷུང་བས།
མཚུངས་མི་འགྱུར་དུས་རབས་ཐ་དད་གསུམ་བསྐྲུན་ཏེ།
སྒྲ་མེད་ཀྱི་གནའ་བོའི་དུས་རབས།
མདུན་ཕྱོགས་དུས་སྐབས་གསར་བ།
ལྐོག་གྱུར་གྱི་མ་འོངས་དུས་རབས།
གནའ་དུས།
ད་ལྟ།
འབྱུང་འགྱུར།
གླག་རྒོད་གྱིས་དབུགས་རིང་འབྱིན་པ།
སྟོན་རླུང་གི་ཤུ་སྒྲར་སྤྲུལ་ནས།
བར་སྣང་དང་འཛིན་མར་རྒྱུ་བས།
རི་ཀླུང་ཀུན་འུར་སྒྲས་ཁྱབ་སོང༌།
བདེ་ཐང་དུ་ས་རྡུལ་བསླངས་སོང༌།
རྡུལ་གཟུགས་ཀྱིས་ཉི་མ་བསྒྲིབས་བྱུང༌།
དེ་ནི་ཅི།
དེ་ནི་ཅི་ཞིག་ཡིན་ནམ།
རྨོངས་སེམས་ཀྱི་ཅ་ཅོ་ཡིན་ནམ།
རྐང་འདྲེན་གྱི་གསང་གཏམ་ཡིན་ནམ།
ཡི་ཆད་ཀྱི་སྨྲེ་སྔགས་ཡིན་ནམ།
འཇིགས་མེད་ཀྱི་དམ་བཅའ་ཡིན་ནམ།
ཉམས་རྒུད་དུ་གྱུར།
དར་རྒྱས་སུ་སོང༌།
སླར་ཡང་ཉམས་རྒུད་དུ་སོང༌།
ཉམས་རྒུད་དུ་གྱུར།
དྲག་རླུང་དང་གངས་འདབ།
བརྒྱལ་གཟེར་གྱི་ཁྲོད་དུ་འདར།
ཉལ་འགྲོ་ཡི་ཀླུང་ཆེན།
གཡོ་འགུལ་གྱི་གར་ལ་ཆས།
གར་ལ་ཆས་སོང༌།
ངན་སེམས་ཀྱི་འཕུར་གར་གཅིག་གིས།
ཡ་རབས་ཀྱི་བྱ་ལམ་མི་ཆོད།
ཕྲག་དོག་གི་གཤོག་འགྱུར་གཅིག་ལས།
གཞན་ཕན་གྱི་བསིལ་རླུང་མི་འབྱུང༌།
སྟོང་གཏམ་གྱི་མགྲིན་སྒྲ་གཅིག་གིས།
རྗེས་ལུས་ཀྱི་ཕས་རྒོལ་མི་སྒྱེལ།
ཕས་རྒོལ་མི་སྒྱེལ།
གངས་རི་ཡི་རྩེ་མོར་འཁོར་ཞིང༌།
བོད་ལྗོངས་ཀྱི་ཡར་སྟོད་ན་ལྡིང་བའི།
རྩལ་ལྡན་གྱི་ཐང་དཀར་རྒོད་པོ།
དཀའ་ཚེགས་ཀྱི་རླུང་ལ་འཛེམ་ན།
སྒྲོ་གཤོག་ཀྱང་ལེ་ལོས་བཟུང་འགྲོ
བར་ཆད་ཀྱི་ཁ་བར་འཇིགས་ན།
འཚོ་རྟེན་གྱི་རྒུམ་བུ་མི་འཐོབ།
དོན་མེད་ཀྱི་སྟོང་འཕུར་བྱེད་ན།
རང་ཚང་ཡང་གཞན་ལ་ཤོར་འགྲོ
གཞན་ལག་ཏུ་ཤོར་འགྲོ
ཀ་ཡེ།
གསོན་དང༌།
དྲག་རླུང་འཚུབ་མའི་དབུས་སུ་འཕུར་དགོས་པ།
སྔོན་བསགས་ལས་དབང་ཟབ་མོས་བཀོད་པ་མིན།
འཕྱ་དམོད་རྡུལ་ཚོགས་དཀྱིལ་དུ་ལྡིང་དགོས་པ།
གླག་རྒོད་བསོད་ནམས་དམན་པའི་རྟགས་མཚན་མིན།
མགོ་གནོན་གྲང་ངར་ཀློང་དུ་འདར་དགོས་པ།
ཚེ་སྔོན་རྣམ་སྨིན་རྒྱུད་ལ་འཁོར་བ་མིན།
འཁོར་བ་མིན།
འཕུར་ཡ།
ཐེ་ཚོམ་ཅི།
ཐེ་ཚོམ་ཅི།
འཕུར་ཡ།
ཁྱོད་ལ་འཕུར་རྩལ་ལྡན་པའི་གཤོག་པ་ཡོད།
ཁྱོད་ལ་ནམ་འཕང་གཅོད་པའི་མཐུ་རྩལ་ཡོད།
ཁྱོད་ལ་འཇིགས་པ་མེད་པའི་སྙིང་སྟོབས་ཡོད།
ཁྱོད་ལ་ལེགས་ཉེས་སྟོན་པའི་བློ་གྲོས་ཡོད།
ཁྱོད་ལ་ཡིད་དབང་འཕྲོག་པའི་སྒྲོ་ཐུལ་ཡོད།
ཁྱོད་ལ་བསིལ་འཇམ་རླུང་གི་སྐྱོར་མ་ཡོད།
ཁྱོད་ལ་འཕུར་ལྡིང་རྩེན་སའི་ནམ་མཁའ་ཡོད།
ཁྱོད་ལ་ངལ་གསོ་གནང་སའི་ཚང་མལ་ཡོད།
ཁྱོད་ལ་རྒུམ་བུ་འཐུ་བྱེད་མཆུ་སྡེར་ཡོད།
ཁྱོད་ལ་ཀུན་ཏུ་བལྟ་བའི་འདྲེན་བྱེད་ཡོད།
དེ་རྣམས་ཁྱོད་ལ་ཚང་བས།
—གཞན་ལ་བསྟེན་མི་དགོས།
སྐྱབས་ཞུ་བྱེད་མི་དགོས།
གུས་ཕྱག་འཚལ་མི་དགོས།
ཁ་གསག་བཤད་མི་དགོས།
གླག་རྒོད་ཡ། གླག་རྒོད་ལགས།
ཁྱོད་ཀྱིས་སུ་ཞིག་སྒུག་གིན་ཡོད་དམ།
ཁྱོད་ཀྱིས་ཡིད་མཐུན་དགའ་མར་སྒུག་གིན་ཡོད་དམ།
ཁྱོད་ཀྱིས་ཕ་དང་ཕྲུ་གུར་སྒུག་གིན་ཡོད་དམ།
ཁྱོད་ཀྱིས་དཔོན་པོའི་གནང་བར་སྒུག་གིན་ཡོད་དམ་ཅི།
འཕུར་ཡ།
གླག་རྒོད།
གླག་རྒོད།
འཕུར་ཅིག
ཁྱོད་ལ་ཡིད་ཆགས་ས་ཁབ་རྩེ་ཙམ་ཡང་མེད་པས།
ངང་སྒུག་བྱེད་དགོས་པའི་རྒྱུ་མཚན་མེད།
ཁྱོད་ལ་ཞེ་ཐོགས་ས་ཏིལ་འབྲུ་ཙམ་ཡང་མེད་པས།
འཛེམ་བག་སྟོན་དགོས་པའི་རྒྱུ་མཚན་མེད།
རྒྱུ་མཚན་མེད།
ཨ་སྔོན་དགུང་ལ་འཕུར་ནས།
དུས་རབས་ཀྱི་གོམ་སྒྲ།
ཚན་རིག་གི་འུར་སྒྲ།
འཛམ་གླིང་གི་འགྱུར་ལྡོག
རང་ཉིད་ཀྱི་མདུན་ལམ་བཅས་ལ།
ཉོན།
གཟིགས།
སོམས།
ཨེ་མ།
མཐོང་བྱུང༌།
མིག་གིས་མཐོང་བྱུང༌།
འཇའ་ཁྲ་བོའི་གུར་གྱིས་མཛེས་པའི།
གསེར་མདོག་གི་ཉིན་བྱེད་དབང་བོ།
འཆི་མེད་ཀྱི་ལམ་དུ་འཕགས་ཏེ།
གནམ་ངོ་ཡང་སེར་བོར་བསྒྱུར་སོང༌།
སེར་བོར་བསྒྱུར་སོང༌།
དུས་འགྱུར་ལྡོག་བྱུང་བའི་ངོ་མཚར་སྟོན་ཞིང༌།
ཚེ་གསར་བ་ཐུབ་པའི་ཞོགས་པ་འདི་ལ།
གཉིད་སྟུག་པོའི་རྨོངས་ལས་སད་པར་གྱུར་པས།
མུག་ནག་གི་ཚང་མལ་ཡལ་བར་དོར་ནས།
བྱ་ཐང་དཀར་རྒོད་པོས་གཤོག་པ་བརྐྱངས་ཏེ།
མྱ་ངན་གྱིས་གཟིར་བའི་ཤུགས་སྒྲ་འབྱིན་ཞིང༌།
ལུས་ལྗིད་མོ་དལ་བུ་དལ་བུར་འགུལ་བཞིན།
གདོང་ཤར་རིའི་རྩེ་ཡི་ཉི་མར་ཕྱོགས་ཏེ།
འཛུལ་དམུལ་ལེར་འཕུར་བའི་སྟ་གོན་བྱས་བྱུང༌།
བསམ་དོན་འགྲུབ་གྱུར་ཅིག
རྩོམ་ཁུངས།