ངང་བ་སེར་བོ།
ལྷོ་རུ་འཕུར་དགོས་པའི་ཕོ་ཉ་འདི་ལྟར་འཕུར་སོང་བ་དང༌།
དུས་ཚིགས་ཀྱི་དབུགས་རྒྱུ་སེར་བོའང་འདི་ལྟར་ལྡང་མགོ་བརྩམས།
འདམ་གཞུང་དེར་མེ་ཏོག་གི་ལང་ཚོ་ཉོ་བའི་སྐུ་མགྲོན་སླེབས་སོང༌།
ཉི་འོད་དང་རྫ་ཆུ་འཚེར་བའི་འདམ་གཞུང་ནས།
སྤྲིན་པ་དུམ་བུར་གཅོད་པའི་འུར་རྡོ་དཀར་བོས།
ངང་བ་སེར་བོའི་བག་ཡངས་ཀྱི་འཆར་སྣང་དཀྲིགས་སོང༌།
ད་ནི་རྫ་ཆུའི་ཕ་རོལ་གྱི་སྤྲིན་པ་བསམ་བཞིན།
འདམ་གཞུང་སྐྱིད་པོར་ཉེས་མིང་གི་རྟགས་མཚན་ཞིག་འཇོག་དགོས་བྱུང༌།
འདི་ལྟར་ངང་བ་སེར་བོ་འཕུར་དགོས་བྱུང༌།
ལྷོ་རུ་འཕུར་བའི་མཁས་མཛངས་ཀྱི་བསྟར་ཕྲེང་ཤར་མོས།
རི་འགྲམ་དེར་ནམ་ཡང་སྐྱོ་གདུང་བཞག་ལ།
འདམ་གཞུང་དེར་ནམ་ཡང་བསམ་གཞིགས་སྤུངས།
མཁའ་དབྱིངས་ལ་གྲིབ་བརྙན་ཕབ་པའི་དགོང་དྲོ་དེར།
འདམ་རྩྭའི་ཁེར་ཞེན་གྱི་རྨི་ལམ་ངོགས་སུ།
རྡོ་དང་གྲང་ལྷགས་ཀྱི་སྨྲ་བརྗོད་གཉོམ་པོས།
སྐར་ཚོགས་དང་རྫ་ཆུ་འདར་བའི་བྲང་ཁོངས་སུ།
ངང་བ་སེར་བོའི་མགྲིན་སྙན་དྲོན་མོ་བཙལ།
འདམ་གཞུང་གི་མེ་ཏོག་ལ་གནས་ཚང་ཡོད་པ་ཇི་བཞིན།
ངང་བ་སེར་བོའི་མཛའ་གླུ་རིང་མོ།
ཆུ་ཕྲན་མང་བོའི་བགོ་སྐལ་དང་འདྲ་བར།
དུས་ཚོད་ཅིག་གི་དགོས་མཁོ་ལྟར་ཞི་འཇགས་ལ་འགྲོ་དགོས་བྱུང༌།
འཕུར་ཟིན་པའི་ཤུལ་དུ་སྐྱོ་གདུང་བཏུང་བའི་བྲག་ཐེམ་གྱི་ས་སྲོད་དམར་བོ།
ནགས་ཚལ་མེད་པའི་ལོ་ཟླ་ཞིག་གི་ཕམ་ཁ་གསོ་བའི།
ཕོ་རོག་ཁ་ཤས་ཀྱི་སྙིང་གཏམ་དང་མཚུངས་པར།
འདམ་གཞུང་ལ་དྲག་ཆས་མེད་པའི་གདུག་རྩུབ་ཕྲན་བུ་བཞག
འཕུར་དགོས་པའི་གཤོག་རྩལ་བརྟན་པོ།
དུས་ཚོད་གང་མང་ཞིག་གི་རམ་འདེགས་ཡིན་ཟེར་ཡང༌།
རྡོ་དང་རྫ་ཆུའི་སྔ་རོལ་དུ།
སྐྱ་རེངས་དང་གཤོག་རྩལ་འཐབ་པའི་བསམ་བློ་བཞུར་མྱོང་ཞིང༌།
ཁུ་བྱུག་དང་མཆོད་བསྟོད་ཀྱིས་ས་ཆེན་ཀྱང་བསྲེགས་མྱོང༌།
ངང་བ་སེར་བོ་འདི་ལྟར་འཕུར་དགོས་བྱུང་ནའང༌།
ཁོའི་གཤོག་སྣེ་ལ་ཆགས་ཞེན་མཐུག་པས།
འདམ་གཞུང་གི་བསླུ་བྲིད་དོག་པོས།
བར་སྣང་གི་མིག་རྒྱང་ལ་དབྱེན་དཀྲུག་བཏང་བ།
ཉི་མ་དང་ལྷ་ཚོགས་ཀྱིས་བདེན་དཔང་བྱེད་མི་སྲིད།
ཞེད་སྣང་ཞིག་གམ་གྲག་འགུལ་ཞིག་གི་འཕོ་འགྱུར་གྱིས།
ངང་བ་སེར་བོ་འདི་ལྟར་འཕུར་སོང་བ་དང༌།
འདམ་གཞུང་སྐྱ་བོ་འདི་ལྟར་ལུས་སོང༌།
རྩོམ་ཁུངས།