སྒོ་ཁྱིའི་ལས་དབང་།
ཡོད་ཚད་གཉིད་དུ་ཤོར་བའི་མཚན་མོ།
མུན་ནག་གི་དུས་རབས་ནི།
ངའི་འཐབ་འཛིང་གི་དུས་རབས་ཡིན།
གཉིད་དུ་ཤོར་བའི་ཁང་ཁྱིམ།
གཉིད་དུ་ཤོར་བའི་ས་ཞིང༌།
གཉིད་དུ་ཤོར་བའི་ཁྱིམ་བདག
སྒོ་ཁྱི་ངའི་ལས་འགན་ཅི་འདྲའི་ལྩི་ཨང༌།
རྐུན་ཇག་གི་འཇབ་རྒོལ་དང༌།
རང་བྱུང་གི་གནོད་འཚེ།
ད་དུང་ཁྱིམ་བདག་གི་བཀའ་དྲིན་ཡོད་ཚད།
མུན་ནག་གི་འཇིག་རྟེན་དུ་དལ་བུར་འཕྱོ་དུས།
ང་གཉིད་ཐབས་བྲལ།
ད་ནི་ངའི་རིག་པ་ལྕགས་སྐུད་ལྟར་སྒྲིམ་པའི་དུས་ལ་བབས།
འོན་ཀྱང་ང་གཅིག་པུ་སད་མི་འདོད།
རང་གཅིག་པུ་སད་ཚེ།
ང་ཅི་འདྲའི་ཁེར་རྐྱང་དང་འཇིགས་སྐྲག་ཆེ་ཨང༌།
ང་ཁོར་ཡུག་དང་མཉམ་དུ་སད་འདོད།
ལྟོས་དང༌།
སྟག་འབྲོང་སྔ་མོ་ནས་སད་དེ་ལ་རྒྱ་རྩོད།
འཕར་སྤྱང་སྔ་མོ་ནས་སད་དེ་རྒྱལ་ཕམ་འབྱེད།
ཝ་ཚོགས་སྔ་མོ་ནས་སད་དེ་གོ་སྐབས་སྒུག
མཆེ་སྡེར་རྣོན་པོའི་ཚོགས་འདིར་ཅི་འདྲའི་གཟི་བརྗིད་ལྡན་ཨང༌།
ཐང་དཀར་སྔ་མོ་ནས་སད་དེ་ནམ་འཕར་གཅོད།
རྨ་བྱ་སྔ་མོ་ནས་སད་དེ་མཛེས་སྡུག་ངོམ།
ཅོ་ཀ་སྔ་མོ་ནས་སད་དེ་གྲེ་འགྱུར་སྒྲོག
མཁའ་འགྲོ་དཀར་མོའི་ཁྱུ་འདིར་ཅི་འདྲའི་གཤེར་བག་ལྡན་ཨང༌།
ཡིན་ན་ཡང༌། འུ་ཚང་གི་མགོ་ཁང་ཁྱིམ་ད་དུང་མ་སད།
མདོ་ས་གཞི་ད་དུང་མ་སད།
བར་ཁྱིམ་བདག་ཀྱང་ད་དུང་མ་སད།
འོད་སྣང་མེད། བགྲོད་ལམ་མེད། བསམ་བློ་མེད།
ངལ་རྩོལ་མེད་ཅིང་སྨྲ་བའང་མེད་པའི་མཚན་མོ།
ཡོད་ཚད་གཉིད་དུ་ཤོར་པའི་དུས་ནི།
ཅི་འདྲའི་འཇིགས་སྐྲག་གི་དུས་ཤིག་ཨང༌།
ཡིན་ཀྱང་ང་སྔར་བཞིན་གཉིད་ཐབས་བྲལ།
མུན་པ་འདི་ཡལ་རག་བར་དུ།
ནམ་རིང་འདི་གསལ་རག་བར་དུ།
ང་ནི་ཁྱིམ་ཀྱི་སྒོ་སྲུང་ཉན་དགོས་ཤིང༌།
མཇུག་མཐའི་སྐྱ་རེངས་ཀྱི་དུས་ན།
ལྷང་ལྷང་གི་འབོད་སྐད་ཅིག་གིས།
རང་ཁྱིམ་གྲུ་བཞི་འདི་གཉིད་ལས་དཀྲོགས་དགོས་ཨང༌།
༼དཔྱད་གཏམ་ཕྲན་བུ༽
སྙན་རྩོམ་འདི་བཀླགས་རྗེས་ང་ལ་ཚོར་སྣང་ཁྱད་མཚར་ཞིག་བྱུང་བ་ནི་སྒོ་ཁྱི་ལ་ལར་ལས་འགན་དེ་འདྲ་ལྩི་མོ་ཞིག་ཡོད་པ་དེ་རེད།
སྙན་རྩོམ་འདིར་བབ་ཆགས་པའི་ཐ་སྙད་དང༌། རྒྱུན་ཆགས་པའི་ཚིག་སྦྱོར་སྤྱད་ཡོད་ལ། སྟབས་བདེ་བའི་བརྒྱུད་རིམ་ལས་སྒྲུབ་ཁག་པའི་
ལས་འགན་དེ་གནས་ལུགས་དང་སྦྱར་ཏེ་ཤར་མར་བྲིས་ཡོད་པ་ནི་སྙན་རྩོམ་འདིའི་ཁྱད་ཆོས་རེད། ངས་བལྟས་ན། རྒྱུན་དུ་ལས་དབང་ཞེས་པའི་ཐ་
སྙད་འདི་ཉམ་ཐག་གི་སྟེང་དུ་བཀོལ་པའི་བཟོ་ལྟ་ཞིག་འདུག་ཀྱང༌། <<སྒོ་ཁྱིའི་ལས་དབང>>ལས་བྱུང་བའི་སྒོ་ཁྱི་དེ་ཉམ་ཐག་གི་གནས་སུ་ལྷུང་
མེད། རྒྱུ་མཚན་ནི། “སྒོ་ཁྱི”འདི“གཉིད་”དང“སད”གཉིས་ལས་སད་ཀྱི་ཕྱོགས་སུ་གནས་ཡོད་ལ། ལྷང་ལྷང་གི་འབ་སྐད་ཀྱིས་རང་ཁྱིམ་གྲུ་
བཞི་གཉིད་ལས་དཀྲོགས་པ་དེ་ཁོའི་ལས་འགན་ཡིན་པས་སོ།།
སྔོན་ཆད་སྒོ་ཁྱིའི་ལས་དབང་སྐོར་གྱི་རྩོམ་ཡིག་འགའ་མཐོང་བ་ནི། གཙོ་བོ་སྒོ་ཁྱི་དང་བདག་པོའི་བར་གྱི་འབྲེལ་བ་མཚོན་ཡོད་དེ། སྒོ་ཁྱི་དེ་
སྐེ་ལྕགས་ཐག་གིས་ཇི་ལྟར་མནར་ཚུལ་སོགས་བྲན་གྱི་སྨྲེ་སྔགས་ལས་གཉིད་མ་སད་པའི་ཁང་ཁྱིམ་གཉིད་ལས་དཀྲོགས་པའི་བདག་པོའི་བསམ་པ་དེ་ཡེ་
ནས་མི་མཐོང༌། དེ་བས<<སྒོ་ཁྱིའི་ལས་དབང>>འདི་རྩོམ་པ་པོའི་བསམ་བློ་གཏོང་སྟངས་ཐད་ནས་སྔོན་མ་དག་ལས་བརྒལ་ཡོད་པ་མཐོང་ཐུབ་ཅིང༌།
“གཉིད”དང“སད”ཀྱི་བར་མཚམས་དེ་ཕྱོགས་མང་བོ་ནས་ཞིབ་འབྲི་བྱས་ཡོད་པས་ཀློག་མཁན་ལ་བསམ་པའི་མཐོངས་ཡངས་པོ་ཞིག་ཕྱེ་ཡོད།
(དཔྱད་གཏམ་པ་ཚེ་རྒྱལ་ཡིན)
རྩོམ་ཁུངས།