ངང་སྒུག་བྱེད་ཚུལ།
མི་ལོ་དུ་མའི་རྗེས་སུ ཟས་བཅུད་ལུས་ལ་སྨན་པ་ཇི་བཞིན
བྲང་ཁ་ནས་འགོ་བརྩམས་པའི་ན་ཚ་འདི་དྲག་སྐྱེས་འབྱུང་ངེས་ཡིན
དབྱར་གཞུང་གི་གཞི་རུ འོ་ཞོ་དང་སྨན་རྩྭའི་དྲི་བསུང་གི་སྐྱེ་བ་བླངས་ཏེ
མེ་ཏོག་སེར་ཆེན་གྱི་མཛེས་སྡུག་དག་འཐུལ་བའི་ས་གདན་འཇམ་པོའི་གཞི་རུ
འབྲི་མོའི་ནུ་རྩ་ལྷོད་ས་དང མཛའ་བོ་དང་བྱིས་པ་ཚོའི་གཉིད་ཁམས་བདེ་ས་ཞིག་ཏུ
ལུ་གུ་ཁ་ཤས་དང་མཉམ་དུ ང་རང་ཨ་མར་སྒུག་གིན་པའི་བྱིས་པ་ཞིག་དང་འདྲ་བར
ཁ་ལ་ཉན་པའི་ངང་ཙོག་པུར་བསྡད་ཅིང ལག་ཆུང་ཡ་གཅིག་ཐོད་ལ་བཀལ་ཏེ
ངས་སྐྱེ་བ་ནས་སྐྱེ་བར་སྨོན་ལམ་གྱིས་བོས་པའི་རྫི་མོ་དེ་ཐག་ཉེ་བའི་རི་སྒང་གི་རྒྱབ་ནས
མཛེས་སྡུག་གི་སྤྱང་མོ་ཞིག་དང་འདྲ་བར་ཧར་གྱིས་མངོན་ཡོང་པར་ངང་གིས་བསྒུག་ཡོད
རྩོམ་ཁུངས། སྙན་ངག་དེབ