སྒྲུབ་ཕུག་དམར་པོ།
བྱ་རྒོད་ཀྱི་གཤོག་པ་ལྟར་བརྐྱངས་པའི་ནམ་མཁའ་སྔོན་པོ།
ཅི་ཞིག་ལ་ལད་ཟློས་བྱེད་པའི་སྤྲིན་དཀར་གྱི་གཡེར་བག་སྣུམ་པོ།
ད་དུང༌། ལྐོག་གྱུར་དང་གསང་བ་འབར་བའི་རི་ཚོགས་ཀྱི་རྩེ་མོ།
གཏམ་རྒྱུད་དང་རྟོག་བཏགས་ཀྱི་སྦས་དོན་ཟབ་པའི་དར་ལྕོག་མཐོན་པོ།
ཨ། ངའི་སྒྲུབ་ཕུག་དམར་པོའི་ཁ་གཏད་དུ་ཆགས་པའི།
ངོ་མཚར་དང་ཤུགས་བསྟན་གྱི་འཇིག་རྟེན་ཆེན་པོ་ཡ།
གནམ་འཁོར་ལོ་རྩིབས་བརྒྱད་འོག་ནས།
རིགས་རྒྱུད་ཀྱི་མུ་ཁྱུད་ལ་མེ་སྟག་གི་ལྗོངས་ཆེན་འཁྱུད།
དེ་དུས། སྙན་གྲགས་ཀྱི་རྩེ་མོས་སུམ་རྩེན་གྱི་ལྗོན་པ་ཕམ།
ཉི་ཟླ་ལྟར་ཟླུམ་པོར་འཚེར་བ། ཕོ་བྲང་ནང་རོལ་གྱི་སྨྲ་བརྗོད།
རྒྱས་སྲས་ཀྱི་མངའ་ཐང་ཤར་ནུབ་ཀྱི་མཐའ་ལ་བཞུར།
མཚན་མོ་དང༌། མུན་པ་མེད་པའི་མེ་དཔུང་གི་སྒྲོན་མེ་ཆེན་པོ།
དེ་རིང་གི་དུས་སུ། ངའི་སྒྲུབ་ཕུག་དམར་པོའི།
ཡང་དང་ཟད་དུ་མེད་པའི་ང་རྒྱལ་དང་མནར་གཅོད་ཁོ་ན།
ཁ་བཏགས་དང་བདེ་ལེགས་གྲངས་མེད་ཀྱི་སྔོན་འགྲོའི་འོག་ཏུ།
དཔུང་སྟོབས་ཀྱི་སྲོག་རྩ། བླ་མཁར་གྱི་རྒྱལ་མཚན།
རྨེག་མེད་དང་མུན་ཁྲོད་ལ་མངགས།
དྲན་པའི་སྣང་ངོར། ལྐོག་གྱུར་ཏུ་ཆགས་པའི། རྒྱང་ཐག་གིས་ཆོད་པའི།
གསང་བ་ལ་རྔམ་བརྗིད་ཀྱི་འགྲེལ་བཤད་གནང་བས།
ཞིང་གྲོང་གི་རྨོ་འདེབས། རྫ་ལུང་གི་རྫི་བོ།
མདོར་ན། ཉི་འོད་ལ་ངོམས་མེད་བསྙེགས་པའི་སྐྱེས་སྟོབས་ཀྱི་ཡུལ་ལྗོངས་ཧྲིལ་བོ་ཞིག
འགྲོ་ལམ་མེད་པའི། གཏིང་ཕུག་དབེན་པའི། མུན་ནག་གི་ལུང་མདོར་དེད།
དེ་རིང༌། ཁ་བ་དང་དར་ལྕོག
རྡེའུ་འབུམ་དང་རླུང་རྟ་སྣ་ཚོགས་ཀྱི་ལྡོག་གཟུགས་གྲང་མོ།
རི་ཞོལ་ནས་འཕྱུར་བའི་རྩོད་གླེང་གི་ཁུ་བ་དམར་པོའི་རླངས་པ།
སྦྲའི་ཁ་ཚུབ་ལས། ཟླ་བའི་གདོང་ལ་འཕུར་བའི་ཡིད་སྨོན་དང་དྲན་གདུང༌།
རི་སྤྱང་དང་ནོར་གནག་ལ་ཐེབས་པའི་ན་ཟུག་གི་རྟོགས་སད་ལྩི་མོ།
སྐྱབས་གནས་དཀོན་མཆོག་གིས་ཀྱང་མ་ཟིན་པའི་དབུལ་ཕོངས་དང་སྡུག་ཡུས།
ངའི་སྒྲུབ་ཕུག་དམར་པོའི་སྒོ་ཐེམ་དུ། ཕར་འགྲོ་ཚུར་འོང་གི་རྡོག་སྒྲ་མོད་ལ།
མནོ་བསམ་དང་འདོར་ལེན། འཚོལ་སྙེག་དང་སྐྱབས་གནས་གཞན་ཞིག་བཙལ་ཏེ།
ལེ་ལན་དུ་འཁོར་མི་ཡོང་བའི་རྨི་ལམ་གྱི་ཁ་བྱང་ཞིག ཡུན་རིང་སྒོམ་ཡང༌།
ངའི་སྒྲུབ་ཕུག་དམར་པོའི་དཀྱིལ་ལ། འདོད་ལྷའི་མདའ་མོ་ཞིག་ཟུག་པའམ།
ཡང་ན། སྟོང་བ་ལས་ཀྱང་གསལ་བའི་སྒྲུབ་ཕུག་གི་ནང་ལ།
འདས་དུས་ཀྱི་མཚོ་མོ་བཞུར་འོངས་ནས་འཁྱིལ་ཞིང༌།
ན་ནིང་གི་མགྲོན་པོ། གངས་ཐང་གི་གྲང་ངར་བརྒྱུད་ནས་ཐོན་པས།
ངའི་སྒྲུབ་ཕུག་ལ། འོད་འཚེར་བའི་འཁྱག་རོམ་གྱི་ལྷུན་པོ་ཞིག་ཆགས།
དེ་བས། ཆེས་ཕྱི་རོལ་གྱི་ཕྱི་རོལ་ལ་འཕྲོས་པའི་ཉི་འོད་ཀྱིས།
ངའི་འཁྱག་རོམ་གྱི་ལྷུན་པོ། མཐོ་ནས་མཐོ་རུ་བརྩིགས།
ངའི་སྒྲུབ་ཕུག་ནི་ནང་རོལ། འཁྱག་ནས་འཁྱག་ཏུ་བཏང༌།
དགུ་ཚིགས་ཀྱི་གཙང་བོ་ལྟར་རྒྱས་པའི་བགྲོད་ལམ་རིང་མོ།
སུ་ཞིག་གི་འདོད་པ་སྤོང་པའི་ཆོས་ལུགས་ཀྱི་ཆོ་ག་ཟབ་མོ།
ད་དུང༌། དུས་རབས་གསར་བ་ཞིག་གི་སྐྱ་རེངས་ཀྱི་གཟི་འོད།
མུན་ནག་དང་དབུལ་ཕོངས་ལས་ཐར་བའི་བློ་ཁ་དྲག་པོ།
ཨ། ངའི་སྒྲུབ་ཕུག་དམར་པོའི་ཁ་གཏད་ནུ་ཆགས་པའི།
རྨི་ལམ་དང་སྒྱུ་འཕྲུལ་གྱི་འཇིག་རྟེན་ཆེན་པོ་ཡ།
རྩོམ་ཁུངས།