སྦྲ་ནག
༡
གཙང་བོའམ་རི་རབ།
མུ་མཐའ་མེད་པའི་ནམ་མཁའ།
ད་དུང་རྒྱ་མཚོའི་ཆུ་འཁོར་རེ་རེ།
ཁོར་ཡུག་འདིའི་ཡོད་ཚད།
རེ་རེ་བཞིན་བརྒལ་ནས།
ནམ་ཞིག་གི་ཚེ། སྦྲ་ནག
ཁྱོད་རང༌། སུ་ཞིག་གི་བར་སྣང་ནས།
འགུལ་སྐྱོད་བྱེད་ནུས།
༢
རླུང་དང་ཉི་ཟེར།
ཡང་ན་ཆར་བ།
ཅི་ཡང་འཛོམས་པའི་སོ་ཁར།
མི་ཁ་དང་དམོད་མོའི་ཁ་ཚུབ་ཕྱེས་ཤིང༌།
ཁལ་མ་ཚོའི་སྒལ་བར་བཟུང་ནས།
རྩྭ་ཆུ་མོད་སར་བསྙེགས་ཤིང༌། དུས་ཚིགས་རེ་རེ།
ངོ་གདོང་གིས་བསུ་དུས།
ཁྱོད་ཀྱིས། ཕ་ཡུལ་གྱི་ན་ཟླའི་སྐོར་ལ།
གྲང་བསིལ་གྱི་གཏམ་རྒྱུད་ཅི་ཙམ་གླེང་མྱོང༌།
༣
གློག་དང་འཕྲུལ་འཁོར་སྣ་ཚོགས།
དུས་རབས་ཀྱི་ཁང་བརྩེགས་མཐོན་པོ།
འདུ་འཛིའི་གྲོང་དང་གྲོང་ཁྱེར་རྫོགས་མེད།
འདི་ལྟ་བུའི་ཁོར་ཡུག་གི་འགྱུར་ལྡོག
འདི་ལྟ་བུའི་རང་བྱུང་གི་སྣང་ཚུལ།
རེ་རེ་བཞིན། ཁྱོད་ཀྱི་མིག་ལ་འཚང་ནས་ཀྱང༌།
ཁྱོད། ས་སྲོད་ཅིག་གི་དངངས་སྐྲག་ཁྲོད་ཉལ་ནས།
རང་ཉིད་ཀྱི་སྐྱོ་གྲོགས་ལ་རྟ་ནོར་ལུག་གསུམ་དང༌།
མཛེས་པའི་རི་ཆུ་ཡོད་ཟེར།
འདི་ལྟར། ཨོང་བའི་མེ་ཕུང་ལ།
འཁོར་འཁྱིལ་བཟོས་ནས།
རེ་སྨོན་དང་ལྷིང་འཇགས་སྲུང་དུས།
ཁྱོད་ཀྱིས། ཉི་མ་མཛུབ་རྩིས་བྱས་པའི་ལོ་ཟླ་ལས།
གང་ཡང་མ་རྙེད་ལ་ཅི་ཡང་མ་དྲན།
ཅི་ཡང་དྲན་པའི་དུས་ཚིགས་དབུས།
ཁྱོད་རང༌། ཁྱོད་ལ་ཚིམས་ནས།
གཉིད་མི་ཁུག་པའི་མཚན་རིང་ཡོད་ཚད།
ཁྱོད་ཀྱི་ངོ་གདོང་དུ་བབས་པའི་སུ་ཞིག་གི་སེམས་ངལ་ཡིན།
༤
རྫ་མཐའི་ཡུ་མོ་གན། ཀྱག་ཀྱོག་གི་ལམ་ཕྲན་འདི།
ཁྱོད་ཀྱི་ལྷས་མཐའ་ནས་འཕུར་བའི་གཏམ་རྒྱུད་རྫོགས་མེད།
ཁྱོད་ཀྱི་སྙིང་དབུས་ནས་སྨིན་པའི་དད་འདུན་གྲངས་མེད།
ཨ་ཨ། འཇིག་རྟེན་འདིའི་དཀར་ངོགས་རེ་རེ་ན།
ལྷགས་རླུང་ཐར་ཐོར། རྒྱུ་སྐར་རབ་རིབ།
ཁྱོད་ཀྱི་གསོལ་འདེབས་མང་པོའི་ཆང་ཁར།
མེས་པོ་ཚོའི་ཞལ་རས་མངོན་ལྐོག་གིས་འཚེར་ཞིང༌།
ཁྲག་དང་ན་བུན་ཅི་ཡང་རྒྱུ།
ཅི་ཡང་རྒྱུ་བའི་མཚན་མོར།
ངའི་རིགས་རྒྱུད་ཚོ། ཁྱོད་ཀྱི་རུམ་ཁ་དང་སྨིན་མཚམས་ན།
རེ་བས་འཚོ་ཞིང༌། མེད་མུག་གིས་འགྲེང་དུས།
ཁྱོད་ཀྱི་མཆན་འོག་ནས་འཚར་ལོངས་བྱུང་སྟེ།
མཁའ་དབྱིངས་ནས་ཉི་ཟེར་འཐུ་བའི་རས་པ་ཚོས།
ལོ་ཟླ་ག་ཚོད་འགོར་དུས། ད་གཟོད།
ཁྱོད་ཀྱི་ཕ་ཡུལ་ནས། ཡངས་ཤིང་ཆེ་བའི་ནམ་མཁའ་དང༌།
མཛེས་སྡུག་གི་རི་ཆུ་རེ་རེ་གླེང་ཆོག
༥
འཇིག་རྟེན་སྟོང་སིང་ངེར། རང་ཉིད་སྐྱོ་ལྷང་ངེར།
ཡང་ཡང་འཕུར་མཐར། སྦྲ་ནག
ཁྱོད་ཀྱིས། རང་ཉིད་ཀྱི་ངོ་གདོང་མ་རྙེད།
ཁྱོད་ཀྱིས། རང་ཉིད་ཀྱི་བར་སྣང་མ་ཟིན།
སྔར་བཞིན། རི་ཚོགས་ཀྱི་འཚང་ཁའི་ཁྲོད་ན།
ང་རྒྱལ་གྱིས་འཕྱོ་ཞིང་ང་རྒྱལ་གྱིས་འགྲོ་དུས།
ངའི་གནག་ཕྱུགས་ཀྱི་ཁྱུ། ངའི་གཉེན་ཉེ་ཡི་ཚོགས།
ཞེན་ས་ཆགས་ཡུལ་གང་ཞིག་ན་སྐོམ་པས་འབར་ཞིང༌།
འཁོར་བའི་འཁོར་ཕྱོགས་སུ།
བར་སྣང་འདི་རྙེད་འདོད་ཀྱིས།
ང་ཚོ། མདེའུ་ཐེབས་པའི་བྱེའུ་ཆུང་བཞིན།
ཆར་བས་བརླན། ཚ་བས་བསྲེགས།
དྲན་པ་བོར། ཁ་ཕྱོགས་དབེན།
༦
གནམ་སྔོན་པོ་མཐོ་ཞིང་བརྗིད།
ས་གཞི་འདི་དམའ་ཞིང་དོག
འཇགས་ཐབས་བྲལ་བའི་རླུང་གི་དཀྱིལ་འཁོར།
སོས་ཐབས་མེད་པའི་ནད་ཡམས་སྣ་ཚོགས།
ཁྱོད་ཀྱི། སྙིང་ཀ་ཆོས་ཀྱི་འཁོར་ལོ་ན།
ཁྱོད་ཀྱི། སྤྱི་གཙུག་པདྨའི་སྡིངས་ཀ་ན།
དར་ཞིང་འབྱོར། གཡུག་ཅིང་འཚུབ།
ད་ལྟ། ངའི་སྤུན་ཟླ་དང་ལྷ་མོའི་འཁོར།
མཚན་ལྗོངས་ཀྱི་ལོག་མལ་གང་ཞིག་ཏུ།
འཁོར་བ་འདིའི་སྡུག་བསྔལ་གྱིས།
ཁྱིམ་གཞིས་བྲལ། ཆུང་མ་མེད།
རེ་རེ་བཞིན་རབ་ཏུ་བྱུང་དུས།
སྦྲ་ནག ཁྱོད་ཀྱི་ཉེ་འཁོར་དང་མཐའ་འགྲམ་ན།
རྒྱལ་མཚོའམ་ནགས་ཚལ་ཅི་ཙམ་ཡོད།
དཀའ་ཚེགས་ཀྱི་ལོ་ཟླ་རེ་རེར།
དྲན་པ་ཡོད་མེད་ཀྱི་མཚམས་སུ།
ཁྱོད་རང་ཁེར་རྐྱང་ཡིན། ཁྱོད་རང་རྨི་ལམ་ཡིན།
ཁྱོད། ད་དུང་མི་ཡུལ་དང་རྒྱང་ཐག་ཇི་འདྲའི་རིང༌།
༧
གནས་འདིའི་ཡོད་ཚད་སྔར་བཞིན་དབེན་ཡང༌།
གནས་འདིའི་ཐམས་ཅད་སྔར་ལྟར་འཇགས་ཀྱང༌།
སྦྲ་ནག ཁྱོད་རེ་སྒུག་གི་ཉིན་མོ།
དུས་རབས་ཤིག་གི་དཀྱོགས་མཚམས་ནས།
བསྐལ་བའི་མེ་དཔུང་བཞིན། རི་གཟར་གྱི་རྦབ་ཆུ་ལྟར།
ཁྱོད་རང༌། ཁྱོད་ཀྱི་ཕྱིར་སྤོར་དང༌།
ཁྱོད་རང༌། ཁྱོད་ཀྱི་ཆེད་དུ་བཞུར་དང༌།
ང་ཚོ་ལའང༌། སྲིད་པའི་གངས་རྒན་དང་མ་ཕམ་གཡུ་མཚོ།
ད་དུང༌། བགྲང་ལས་འདས་པའི་རི་ཚོམ་ཁྲི་ཕྲག
འདི་དག་ནི་ང་ཚོའི་སྤོབས་པ་དང་རང་དབང་ཡིན།
འདི་དག་ནི་ང་ཚོའི་རེ་སྨོན་དང་རླུང་རྟ་ཡིན།
འདི་དག་གི་ཕྱིར་དུ། འཕུར་ཅིག
ངའི་འཚོ་རྟེན་གྱི་སྦྲ་ནག་ཡ། ལྷིང་འཇགས་ཀྱི་སྦྲ་ནག
ངའི་ས་ཆུ་མེ་རླུང༌། ངའི་ན་ཟུག་གི་འབོད་པ།
ངའི་རྨི་ལམ་གྱི་གླུ་སྒྲ། འདི་དག་དུས་གཏན་དུ།
ཁྱོད་ལ་མཆོད། ཁྱོད་ལ་དབང༌།
སྦྲ་ནག་ཁྱོད་རེ་སྒུག་གི་ཉིན་མོ།
ངའི་མགོ་ཐོག་གི་ཉི་ཟླ་བཞིན།
འཕུར་ཡ། སྲིད་པའི་རྩེ་མོར་འཕུར།
རྩོམ་ཁུངས།