ངས་ད་དུང་ཅི་ཞིག་བརྗེད་སོང་།
ངའི་རྒྱབ་ཕྱོགས་ཀྱི་ཁང་མིག་ཆུང་ཆུང༌།
སྒེའུ་ཁུང་ཆུང་ཆུང་དེ་ངའི་རེ་སྒུག་བཞིན་བཏུམས་ནས།
ང་རང་སློང་མོ་བ་བཞིན་རི་གྲོང་མྱུལ་བྱུང༌།
འདི་ནས་ངའི་ལོ་ཟླ་རྒས་ཤིང་ངའི་མིག་ཆུའང་སྐམ།
འདི་ནས་ངའི་སྨྲེང་གླུ་འགགས་ཤིང་ངའི་སྙིང་བོའང་བོར།
ངའི་འབོལ་ཁྲི་རལ་བོ། ངའི་རྣམ་འགྱུར་བཞིན་གནག་པའི་འབོལ་ཁྲི་རལ་བོ།
ངའི་མདུན་ཅོག་ཆག་པོ། ངའི་འབྱོར་བ་བཞིན་རིད་པའི་མདུན་ཅོག་ཆག་པོ།
སང་ཉིན་གྱི་མཁའ་དབུགས་ད་ནས་བཟུང་རྩ་བ་ནས་རུལ་ནའང༌།
ངས་རང་ཉིད་ཀྱི་ཐོག་མ་དང་མཐའ་མཇུག་གཉིས་ཀ
སྐྱ་རེངས་ཀྱི་སྔ་ལོགས་སུ་ལྡོམ་བུ་ཞིག་གི་རྡོག་སྒྲ་ལ་བཏབ་ཟིན།
དུས་འདིར་ངས་ད་དུང་ཅི་ཞིག་བརྗེད་སོང༌།
ཅི་ཡང་མེད་པས་ངས་ད་དུང་ཅི་ཞིག་བརྗེད་སྲིད།
གཉེན་ཉེ་ཚོ་ངའི་ཆེད་དུ་རྒྱང་དུ་བཀྱེད་ཡོད་ལ།
སྤུན་ཟླ་ཚོ། ངའི་སྤུན་ཟླ་ཚོ་ད་དུང་ཡང་ང་དང་འདྲིས་མེད།
དེ་བས་ཞེན་ས་མེད་པའི་ང་རང་རླུང་བཞིན་ལྡང་ཆོག་ལ།
དེ་བས་ཆགས་ཡུལ་མེད་པའི་ང་རང་རླུང་བཞིན་འཇིག་ཀྱང་ཆོག
དཀྱོགས་མཚམས་འདི་ནས་འགྲེང་བའི་ང་ལ།
གནས་ལུགས་མཐུག་པོས་བརྒྱན་པའི་བདེན་གླུ་ཡོད་མི་སྲིད་ལ།
ལམ་ལུགས་དྲང་པོས་སྤྲས་པའི་མཛུབ་སྟོན་ཡང་འབྱོར་མི་སྲིད།
ངས་ཀྱང་རང་ཉིད་ལ་ཁྱོད་རང་བདེན་ཏེ།
གདུང་ཤུགས་རིང་མོ་འདི་ཅིས་ཀྱང་མ་བརྗེད་ཟེར།
འདི་ལྟར་ཆས་དགོས་པ་ཐོལ་གྱིས་བྱུང་བའི་སྔ་ལྟས་མེད་ལ།
མཆི་མས་བརླན་པའི་སྐྱེལ་མའང་ག་ལ་ཡོད།
ངས་རྨི་ལམ་གྱི་ཕ་མཐའ་ནས་ཅི་ཞིག་འཚོལ་དགོས་ལ།
ཅི་ཞིག་གི་ཆེད་དུ་ངའི་ཉིན་མོ་ལྟོ་བའི་དོན་དུ་བདས་ཤིང༌།
ངའི་མཚན་མོ་གནས་མལ་གྱི་སྐལ་བར་འཚུབ།
དོགས་ཟོན་གྱི་རྣོ་དབལ་འཕྲོ་བའི་མི་ཡུལ་དུ།
ངས་ད་དུང་གཅེར་རྗེན་གྱི་ཡིད་ཆེས་བཏགས་ནས།
སུ་ཞིག་གི་འབུར་ཚུགས་ཀྱི་བློ་ཁ་ལ་ཐོགས་བཞིན་འགྲོ།
དུས་དེར་ངས་ད་དུང་ཅི་ཞིག་བརྗེད་སོང༌།
ངས་ཡར་སྔོན་གྱི་ལྕགས་ཀྱི་ཁྲབ་རྨོག་བོར་བའམ།
ངས་འདས་སོང་གི་སྨྱུག་མའི་མདའ་གཞུ་བརྗེད་སོང་ངམ།
ཕར་ཕྱོགས་སུ་སྐོམ་པའི་གདུང་བ་སེལ་བའི་ཆུ་བོ་ཞིག་མ་མཐོང་ལ།
ཚུར་ཕྱོགས་སུ་ལྟོགས་པའི་སྡུག་བསྔལ་འཇོམས་པའི་ཟས་ལྷག་ཅིག་ཀྱང་མ་རེག་མོད།
སེམས་རྒྱུད་ཀྱི་མཛེས་སྡུག་གི་ཡུལ་ལྗོངས་རེ་རེ་ན།
ངའི་སྙིང་བོའི་ཁྲག་རྒྱུན་གྱིས་བརླན་གཤེར་ཇི་བཞིན་དུ་འཛིན་ཞིང༌།
ངའི་རུས་པའི་གདུང་མ་ཡིས་ད་དུང་ཡང་ས་གཞི་སྒུལ་བས།
ཉི་ནུབ་ཀྱི་རྐང་སྟེགས་ལ་བབས་ནས།
ངས་རྒོད་པོ་བཞིན་ཕྱོགས་བཞི་ལ་རྒྱང་ལྟ་ཞིག་བྱེད་དགོས་བྱུང༌།
འདི་ནི་ན་ཟུག་གིས་ཁྱེར་བའི་ས་སྲོད་ཅིག་དང༌།
འདི་ནི་རྔམ་བརྗིད་ཀྱིས་པང་བའི་བྲག་ཐེམ་ཞིག་རེད་ཨང༌།
ད་ལྟ་ངས་ད་དུང་ཅི་ཞིག་བརྗེད་སོང༌།
ངས་རི་ཆུ་ལ་བཏབ་པའི་ཟིན་ཐོ་དུས་ཚིགས་ཀྱིས་བརྗེད་པའམ།
ངས་རང་ཉིད་བརྗེད་ཅིང་ངས་རང་ཉིད་སྔ་མོ་ནས་འབྱུང་བཞིར་བཏབ་སོང༌།
རྩོམ་ཁུངས།