གསེར་མོ་མཚོ་དང་དངུལ་མོ་མ་མཚོ།
—གསེར་མོ་མཚོ་དང་དངུལ་མོ་མཚོ་ནི་ནུ་ཞོ་ཤིན་ཏུ་མོད་པའི་ར་མ་དཀར་མོ་ཞིག་གི་བུ་མོ་མཚེ་མ་གཉིས་ཡིན། བུ་ཆུང་ཕྲ་ཚག་ཅིག་གི་རྩེད་
རོགས་ཡིན། རྩོམ་པ་པོས་བསྐྱབས་ཤིང་བསྐྱངས་པའི་ཚེ་སྲོག་ཆུང་ཆུང་གཉིས་ཡིན།
གསེར་མོ་མཚོ་དང་དངུལ་མོ་མཚོ། ཞོགས་ཟེར་ཁྲོད།
ཟིལ་བ་ཁྲུམ་མེར་ལྡེམ་པའི་མེ་ཏོག་གི་གང་བུ་ཆ་གཅིག
རྐང་དྲུག་གིས་མ་བརྫིས་པའི་འཇིག་རྟེན་དྭངས་མོ་གཉིས།
ལྷད་མེད་དང་མཛེས་སྡུག་གི་ཁྱོད་གཉིས།
འཚེར་སྣང་དང་འདང་རྒྱག་མེད་པའི་ཁྱོད་གཉིས།
བསམ་མེད་ཀྱི་ཁྱོད་གཉིས། ཕ་འཛོམ་མ་འཛོམ་གྱི་ཁྱོད་གཉིས།
རྩྭ་ལྗང་དང་ཨ་མའི་མིག་འོད་དྲོན་མོའི་ཁྲོད་ན། ཅི་ཡང་དབང་བའི།
ཁྱོད་གཉིས། ཅི་འདྲའི་སྐྱིད།
གསེར་ཟོ་དང་དངུལ་ཟོ་མཚོ་ལ་ནུབ་པའི་ཐུགས་ཁྲལ་མེད་ལ།
རྒྱུས་མེད་ཀྱི་གནས་ཡུལ་དུ་བརྫང་ངེས་པའི་བློ་དོགས་ཀྱང་མེད།
ད་དུང༌། ཐོབ་ཤོར་དང་བྲེལ་དངངས་ཁྲོད་ཀྱི་འཇིག་རྟེན་འཁོར་བའི།
འཁྱག་ཤུར་ཤུར་གྱི་བདེ་སྡུག་མྱང་མི་དགོས།
གསེར་མོ་མཚོ། དངུལ་མོ་མཚོ།
འཇིག་རྟེན་འདི་ན། ཁྱོད་གཉིས་ཁོ་ན་བག་ཡངས་རྒྱུ།
ཚེ་སྲོག་དང་ལང་ཚོའི་ཉི་འོད་ཁྲོད་ཀྱི། སྲས་མོ་ཆུང་ཆུང༌།
ངའི་དྭངས་གཙང་གི་སེམས་པའི་ཚལ་ན་མག་མོག མག་མོག་གིས་རྒྱུ་བའི།
གབ་ཚིག་ཆུང་ཆུང༌། ཚ་གདུག་གི་དུས་ཚིགས་སུའང༌།
སྐད་ཆར་མི་ཤོང་བའི་ཕ་རོལ་ཕ་རོལ་ཞིག་ནས། ང་ཚོས།
བར་སྣང་ཡངས་པོ་ཞིག་གི གཙང་ཆུ་གྲང་མོ།
མཉམ་དུ་བཏུང་ཆོག་པ་ཅི་འདྲའི་སྐྱིད།
རྩོམ་ཁུངས།