ཁྱོད་དང་འཕྲད་དུས།
1
སྐྱོ་སྣང་གི་ཕྱི་རོལ་དུ་རླུང་བུ་ཡུན་གྱིས་ལྡང༌།
རེ་སྒུག་གི་སྒྲོན་མེ་དལ་ཅག་གེར།
དུས་ཚོད་འདིའི་སྔ་རོལ་དུ་བྱུང་བའི་གཏམ་རྒྱུད་ཡོད་ཚད།
སུ་ཞིག་གིས་སྔ་མོ་ནས་དུར་དུ་སྦས་ཟིན།
ད་ལྟ། བརྗེད་དཀའ་བ་དེ་ཐག་རིང་ཐག་རིང་ན།
2
ཁྱོད་དང་འཕྲད་དུས།
མིག་འབྲས་ཀྱི་ཆར་ཆུ་སྔར་ལས་སྣུམ།
འདས་དོན་ཁ་ཤས།
ཅི་ཞིག་ལ་སྐྲག་བཞིན་སྐྲག་བཞིན།
སླར་ཡང་མྱ་ངན་གྱི་སེམས་གཏིང་དུ་འཁྱུག་བགྲོད་བྱེད།
ནམ་ཡང་འདོར་ཐབས་མེད་པ་ཐམས་ཅད་ཀྱང༌།
ཉིན་མོ་དེར། ཁ་རོག་གེར།
རང་དང་བར་ཐག་ཇེ་རིང་ཇེ་རིང༌།
3
ཕ་རོལ་གྱི་ཡུལ་ལྗོངས་ཤིན་ཏུ་མཛེས་ཤིང་སྡུག་པས།
ཁྱོད་དང་འཕྲད་བྱུང་བ་གཞི་ནས་ཚོར།
སྐྱོ་ངལ་གྱི་ཕུང་བོ་དེ་ཚོ་ཡང་རྨང་ནས་བརྗེད།
4
སྐར་མ་ལྟ་བུའི་ཁྱོད་ཀྱི་མིག་ཟུང་གི་འཇོ་སྒེག
འདི་འདྲའི་ཡི་ཀར་འོང་ལ།
དེ་འདྲའི་ལྐོག་གཡོ་ཡང་ལྡན།
5
འདི་ནི་བཟློག་ཏུ་མེད་པའི་ལས་དབང་གི་བཀོད་སྒྲིག་ཡིན་ནམ།
ལམ་ཕྲན་འདིའི་སྣེ་མོ་ནས།
ཡང་བསྐྱར་ཐག་རིང་གི་ཁྱོད་དང་འཕྲད།
6
རྐང་ལག་ཡན་ལག་ཅི་ཞིག་གིས་བསྡམས་པ་ལྟར།
ང་རང་ཁྱོད་ཀྱི་མིག་ཟུང་ནས་ཧད་དེ་ལུས།
རེ་ཞིག ང་རང་ཁྱོད་ཀྱི་མིག་ཟུང་ནང་ཧད་དེ་ལུས།
7
མཛེས་སྡུག་ཡིད་འོང་གི་འདས་དོན་སྣ་ཚོགས།
ནམ་མཁའ་བཞིན། མཚོ་མོ་བཞིན།
དུས་འདིར། ངའི་མཐའ་ཡས་པའི་དྲན་པའི་ཀློང་རིམ་དུ་འཁྱིལ་ཞིང༌།
ད་རུང་ཉིན་མཚན་དུས་དྲུག་གི་རྨི་ལམ་ཐམས་ཅད་ཀྱང༌།
ཕ་བོང་ལྟར། རི་བོ་ལྟར།
ངའི་གཏིང་ཟབ་པའི་ན་ཟུག་གི་དཀྱིལ་དབུས་སུ་འགྱིང་ཡོད།
8
ཆ་རྒྱུས་ལྡན་པའི་འགྲོགས་འདྲེས་ཤིག་གི་རྐྱེན་གྱིས།
བརྩེ་དུང་གི་མིག་ཆུའི་རྫི་བོ་ཡིན་པའི་ཚུལ་རེ་སྟོན་འདོད།
9
བྱིས་པ་ཚོ་དྲན་བྱུང༌།
ཉམ་ཐག་གི་བྱིས་པ་ཚོ་སླར་ཡང་དྲན་བྱུང༌།
ངས་ཉིན་དང་མཚན་ལ་ནར་མ་སོན་པའི་བྱིས་པ་ཚོ་རེ་རེ་བཞིན་དྲན་བྱུང༌།
10
ང་རང་གཟུགས་དབྱིབས་མེད་པའི་རླུང་བུ་ཞིག་གམ།
ཅི་ཡང་མི་སྨྲ་བའི་བྲག་རྡོ་ཞིག་ཏུ་ཡང་ཡང་བརྫུས།
11
འདི་ནི་སུས་ཀྱང་བརྩིས་མ་མྱོང་བའི་ཐག་རིང་གི་དུས་ཚོད་ཅིག་རེད།
འདི་ནི་གསང་བ་ལྐོག་གྱུརགྱི་་དབེན་འཇགས་གཞན་ཞིག་རེད།
འདི་ནི་ད་ལྟའང་ཕྱིར་དྲན་བྱེད་ཆོག་པའི་གཏམ་རྒྱུད་དེ་མ་ཡིན་ནམ།
12
ཡང་ན། ཁྱོད་ཉིད་ཤུགས་བསྟན་གྱི་མེ་ལོང་དེ་རུ་འཆར་དགོས་ལ།
ངས་རྟག་བརྟན་ལྟ་བུའི་འཛུམ་མདངས་ཤིག་ཀྱང་མྱངས་དགོས།
ཡང་ན། ངས་ཕྱི་རོལ་གྱི་ཕྱི་རོལ་ཞིག་ལ་ཡང་ཡང་ཉན་ཏེ།
རང་དབང་ལྟ་བུའི་གདུང་བ་ཞིག་ཀྱང་འཁུར་དགོས།
ཡང་ན། སྟོང་བསམ་ཧ་ཅང་ཁེར་རྐྱང་ཡིན་པར་བློ་འགྱོད་ཀྱང་དོར་དགོས།
13
ཅི་ཞིག་རྙེད་ན་འདོད།
ཁྱོད་དང་འཕྲད་པས།
ཡོད་ཚད་ཀྱིས་མིག་འབྲས་ཅེ་རེར་ཅི་ཞིག་རྙེད་ན་འདོད།
མེད་མུག་གི་དུས་སྐབས་འདིར་ཅི་ཞིག་རྙེད་དགོས་པའང་ཝ་ལེར་ཚོར་བས།
རྒྱང་རིང་ཞིག་ལ་ཁ་གཏད་དེ།
ངས་བློས་གཏོང་དགོས་པའི་ཆ་ཤས་ཀྱང་ཇེ་མང་ཇེ་མང་དུ་ཕྱིན།
14
དེ་ནས་བཟུང༌། འདས་ཟིན་པ་མང་པོས་ཕྱིར་དྲན་ཞིག་བཞག
ད་དུང་སྐྱོ་སྣང་ཞིག་འཁྲིད་འོང༌།
ངའི་དྲ་མའི་ཁ་ནས་ཕུག་རོན་རྣམས་ཚང་ལ་སོང༌།
བྱེའུ་འགའ་རྒྱང་དུ་འཕུར།
དེ་ནས་བཟུང༌། ང་ལ་རེ་སྒུག་ཆེ།
15
དུས་ཚོད་ནི་མགྱོགས་མྱུར་ངང་འགྲོ་བཞིན་ཡོད་ལ།
རང་ཉིད་ནི་རང་གི་གྲིབ་མས་གཏན་དུ་བཏགས་ཡོད་པ་འདྲ།
ཚོར་སྣང་ཞིག་ལ།
ངའི་གྲོང་ཚོ་ཡང་ད་དུང་རྒྱང་རིང་རྒྱང་རིང་དུ་མཆིས།
16
གྲོགས་པོ་ཚོ་རང་རང་གི་མི་ཚེའི་བགྲོད་ལམ་སྟེང་དུ་མངོན་ཞིང༌།
མ་འོངས་པའི་རྒྱང་རིང་བའི་སྟོང་བསམ་ཁྲོད་དུ་འཚོ།
ཉི་ནུབ་ནས་ཉི་ཤར་གྱི་བར་དུ།
སྐྱེས་པ་ནས་འཆི་བའི་བར་དུ།
17
མི་རིང་བའི་དུས་སྐབས་དེར་བྱུང་བའི།
བརྒྱུད་རིམ་ལྡན་པའི་རྒྱང་ལྟའི་སྣང་བརྙན་རབ་རིབ།
བྲེལ་འཚུབ་ངང་ཡལ་བཞིན་འདུག་ལ།
གྱ་གྱུའི་ངང་ཚུལ་གཞན་ཞིག་གི་རྡོག་སྒྲ་ཟབ་མོ།
སུན་སྣང་དང་སྐྱོ་ཉམས་ཀྱི་ལྟེབ་གཉེར་ཁྲོད་ན།
རིམ་གྱིས་འཕྱོ་ཞིང༌།
རིམ་གྱིས་མེ་ལྕེ་ལྟར་མཆེད་བཞིན་ཡོད།
ཨ་ཨ། བཞུད་ཟིན་པའི་ཐག་རིང་གི་ལོ་ཟླ།
18
འགྲོ་ལམ་གྱི་མཐའ་ནས།
ཡང་དང་བསྐྱར་དུ་རྒྱང་ལྟ་བྱས་ཤིང༌།
སྟོང་བསམ་གྱི་སྣེ་ལ།
རྨི་ལམ་གྱིས་ཚད་དྲག་པའི་ལྗིད་ཤུགས་རེ་བསྣན།
19
ཧ་ཅང་ཁུ་སིམ་པའི་ཉིན་ཞིག་ལ།
ངའི་མ་འོངས་པའི་འགྱོད་གདུང་གི་ཁྲོད་དུ་འགྱོད་གདུང་འཚང་ཞིང༌།
གོ་སྐབས་གཞན་ཞིག་ལ་སྒུག་པའི་དུས་ཚོད་ཀྱང་འཇམ་ཐིང་ངེར་ལུས་དུས།
རྙེད་དཀའ་བའི་སེམས་འགྱུ་ཞིག་གི་ཕུང་བོ་ཇི་འདྲའི་བརྗིད་ཨང༌།
20
རླུང་འཚུབ་རེ་ཞིག་ལྡང་མཚམས་བཞག
སླར་ཡང་སྐབས་སྐབས་སུ་ལྡང་ནའང་ཐང༌།
རེ་སྒུག་གི་སྒྲོན་མེ་སྔར་ལས་དལ་ཅག་གེར།
ད་ལྟ། བརྗེད་དཀའ་བ་དེ་ཐག་རིང་ཐག་རིང་ན།
21
མི་ཡུལ་འདི།
བྲེལ་བྲེལ་འཚུབ་འཚུབ།
འ་འུར་ཟང་ཟིང༌།
22
ཁྱོད་དང་ཕྲད་དུས།
གཞན་ཞིག་འཕྲད་དགོས་པའང་གློ་བུར་དྲན།
རྩོམ་ཁུངས།