ང་ལ་སེམས་གསོ་མ་བྱེད།
ང་རང་ཧ་ཅང་རྒྱུན་ལྡན་གྱི་ཚུལ་དུ་གནས་ཡོད
བྲང་ཁ་ན་བའི་ནད་རྙིང་དེ་ཡང ཞོགས་པར་གཉིད་ལས་སད་དུས
ཆུ་ཐིགས་རླངས་པར་གྱུར་པ་བཞིན་དུ རྒྱུ་མཚན་སྨྲ་རུ་མེད་པ་དེ་དག
ལུས་པོའི་སྣོད་ཀྱི་ངོས་སུ་ཆ་མི་སྙོམས་པའི་ངང་འབྱར་འདུག
ངེས་རྒྱུ་ཞིག་ལ ང་དང་ཉེ་བར་མ་བཅར་ཏེ་ཐག་རིང་ས་ནས་ལྟོས་དང
ཕྱི་ནང་གི་ཁོར་ཡུག་ཀྱང ཤེལ་དམ་སྟོང་པ་ཞིག་དང་འདྲ་བར་དོན་ཆུང་ཡང
གསལ་གྱི་ལེར་སྣང་བའི་ཚོར་བ་ཞིག་སྐབས་སྐབས་སུ་སྟེར་ཡང་སྲིད་ངེས
ང་ལ་ཉེ་བར་བཅར་རོགས ང་ཤོར་འགྲོ་བ་དེ་ལ་སྐྲག་གི
ང་ལ་སེམས་གསོ་མ་བྱེད དྲང་གཏམ་དེས་རྨ་ཁ་བཟོ་གི་རེད
ང་ལ་བརྩེ་བ་མ་སྟེར ང ཉི་འོག་གི་མར་བཞིན་དུ་ཞུ་ནས
ཐོག་མ་ནས་གཉོམ་ལག་ཕྲ་བ་དེའང་ཆག་གས་སུ་འགྲོ་གི་རེད
ད་ལྟ ང་ལ་དངོས་གནས་བཟོད་བསྲན་གྱི་ནུས་པ་ཡེ་ནས་མི་འདུག
༤.༡༥ཉིན་གྲུབ།
རྩོམ་ཁུངས། སྙན་ངག་དེབ