དགུན་དུས་ཀྱི་རྨི་ལམ།
1
རི་གྲོང་གི་མཛའ་གླུ།
རྒྱང་རིང་ནས་རྒྱང་རིང་དུ་ཡལ།
གྲོང་ཁྱེར་གྱི་འཛེར་སྐད།
རིམ་བཞིན་གོམས་འདྲིས་སུ་འགྱུར།
ཁྱོད་ཀྱིས་ཉན་འདོད་པ་ནི།
སྒྲ་མེད་པའི་རོལ་དབྱངས་དེ་ཡིན་རུང༌།
འདི་གར་གྲགས་པ་ནི།
དེ་ཕོ་ཚ་ལུའི་དགོད་སྒྲ་དེ་ཁོ་ན་ལགས།
2
ཁྱོད་ཀྱི་སྔར་སོང་ནི་རླབས་ཆེན་ཏེ།
ནས་སོན་སྐམ་པོ་ས་སྟེང་དུ་བཙུགས།
ཁྱོད་ཀྱི་ད་ལྟའང་རླབས་ཆེན་ཏེ།
སྔར་བཞིན་ནས་སོན་སྐམ་པོ་ས་སྟེང་དུ་བཙུགས།
ཁྱོད་ནམ་ཡང་རླབས་ཆེན་ཏེ།
རླབས་ཆེན་གྱི་མ་འོངས་ཕྱོགས་སུ་འགྲོ།
3
ང་རང་ལྷ་སྒྲུང་ལ་ཤིན་ཏུ་དགའ།
ཕོ་རྒོད་ཀྱི་སྟོབས་ཤུགས་ལ་སྙིང་ནས་དད།
དེ་བས་མཛེས་མའི་འཛུམ་མདངས་ལ་རབ་ཏུ་ཆགས་ཏེ།
ཡིད་འགུལ་བའི་མཆི་མའི་ཐིགས་པ་འགའ།
སྨྲ་སྒོ་ནས་ཉིལ་ལེར་ཤོར།
ཁ་སང་གི་དད་པ་ནི་རྡོ་རུ་གྱུར་ལ།
ཁ་སང་གི་ཆགས་སེམས་ཀྱང་གད་སྙིགས་དང་འདྲེས།
ཡོད་ཚད་སྨུག་པའི་གྲོང་དང་འདྲ་ཡང༌།
ཡིད་འགུལ་བའི་མཆི་མ་དེ་ཁོ་ན།
དེ་རིང་ཡང་སྨྲ་སྒོ་ནས་ཉིལ་ཉིལ་དུ་བབས།
4
སུམ་རྩེན་གྱི་ཡུལ་ནས་ལྟ་སྐབས།
མི་ཡུལ་ནི་སྦར་མཐིལ་ཙམ་དུ་སྣང༌།
འཇིག་རྟེན་གྱི་སྲོག་ཆགས་རྣམས་ལས།
གྲོག་མ་དེ་ཁོ་ན་གཡག་གུ་ཙམ་དུ་མངོན།
ནགས་གསེབ་ཀྱི་སྤྲེའུ་དེ་ཕ་རྒན་དང་འདྲ་ཡང༌།
ངས"ཨ་ཕ"ཞེས་བོས་ཀྱང་ཁ་ཡ་མི་བྱེད་ཅིང༌།
བ་མོའི་འོ་མ་འཇོ་བ་ལས་བལྟས་པས།
སྟོན་པའི་སྐུ་བརྙན་འོ་ཟོམ་ནས་འཁྲུངས་བྱུང༌།
5
སྐར་མས་ཆུ་ནང་དུ་ཁྲུས་ལ་རོལ།
ཟླ་བས་བྲག་ཁུག་ཏུ་ཉི་འོད་བསྲོ།
ཆུ་འཐག་གི་རྡོ་སྒོར་དེ།
ཟླ་བའི་ཚབ་ཏུ་ཁས་བླངས་ཀྱང༌།
སྐབས་དེ་ཉིད་ལ།
ཧེ་རིགས་ཀྱི་བག་ལེབ་ཐོན་བྱུང་བས།
ཟླ་བའི་ཚབ་ཏུ་འོས་པ་ཁོ་ཉིད་སྨོས་མེད་ལགས།
6
སྙན་ངག་པའི་རྣམ་ཤེས་རུལ་བ་འདྲ་སྟེ'
མི་རབས་ནས་མི་རབས་བར་གྱེར་བ་ནི།
གནའ་སྔ་མོའི་ཚིག་ཕྲེང་དེ་ཁོ་ན།
7
ཁྱོད་དགོད་དུས་ངུ་བ་དང་འདྲ་ལ།
ཁྱོད་ངུ་དུས་དགོད་པ་དང་འདྲ།
ཡུལ་གྲུ་ཀུན་མྱུལ་ཏེ་གནས་མཇལ་དུ་ཆས་དུས།
ཁྱོད་ལ་རྫོགས་རྒྱུ་མེད་པའི་གཏམ་རིང་ཞིག་མཆིས་མོད།
ཟ་རྒྱུ་རེ་ལག་ཏུ་ཐོབ་རྗེས།
གཏམ་ཡོད་ཚད་ཨམ་ཕྲག་ལ་བཅུག་ནས།
གར་སོང་ཆ་མེད་དུ་ཡལ།
8
མཛོ་ཕོ་གཉའ་སྦྲེལ་གྱིས།
ས་ནག་སློག་རྒྱུ་དེ་ཕལ་ཆེར་སྤོབས་པ་ཞིག་དང་འདྲ་ཡང༌།
རི་བོའི་ཕར་ཕྱོགས་ཀྱི་ལྡིར་སྒྲ།
བོང་རྒན་གྱི་རྣ་རུ་ལྷུང༌།
9
བྱང་ཕྱོགས་ཤམ་བྷ་ལ་རུ་སླེབས་ཚེ།
ཉི་ཟླ་གཅོང་རོང་ནས་འཆར་ཞིང༌།
རྡོ་བ་རྐང་འཐུང་བཞིན་སྐྱེས།
མི་རྣམས་མཁའ་དབྱིངས་སུ་འཕུར་ཏེ།
སྤྲིན་དཀར་གྱི་ཟས་མཆོག་ལོངས་སུ་སྤྱོད།
10
རི་ཁྲོད་ཀྱི་གྲུབ་ཐོབ་དེས་སྨྲས་པ་ཤིན་ཏུ་བདེན།
འཇིག་རྟེན་ནི་སྡོམ་གྱི་རྒྱ་ཞིག་ཡིན་ལ།
མི་རྣམས་ནི་རྒྱ་དེའི་ནང་གི་སྡོམ་ཕྲུག་སྟེ'
ཕན་ཚུན་མངོན་གསལ་དུ་འཛོམས་ཐུབ་པ་ལས།
སྡོམ་རྒྱ་དེ་ནས་ནམ་ཡང་ཐར་མི་འགྱུར།
11
བོང་བུའི་རྣ་རྒྱབ་ཀྱི་ཆོས་སྒྲ་དེ།
ནམ་ཡང་མཐོ་སྒང་གི་རླུང་བུའི་སྒྲ་དང་ཁྱད་ཅི།
ལོང་བའི་རྣ་རྒྱབ་ཏུ་འཇིག་རྟེན་གྱི་ངོ་མཚར་བརྗོད་སྐབས།
གྲུ་བཞི་ཟླུམ་ཟླུམ་དུ་དོགས་ལ།
སྒོར་མོ་ཟུར་གསུམ་དུ་དོགས།
དེ་བས"ཀ"ཞེས་བརྗོད་པ་ལ་དགའ་སྟེ།
བྱིས་པ་བསམ་མེད་ཚོས་གོ་བདེ་བའི་ཕྱིར།
རྩོམ་ཁུངས།