བྱིས་པའི་སྙན་ངག་ཁག་དྲུག
ཁུག་རྟ་ཆུང་ཆུང༌།
ཁུག་རྟ་ཆུང་ཆུང༌། ཚང་མལ་རྩིག་ལ་མཁས།
དེ་ཚོའི་ཚང་མལ་དཀར་ཡོལ་ལས་ཀྱང་གཙང༌།
ཁུག་རྟ་ཆུང་ཆུང༌། རྒུམ་བུ་རྒུམ་རྒྱུར་དགའ།
རྒུམ་བུ་འཐུ་བའི་ཁུག་རྟ་མོར། ནམ་དང་ནམ་ཡང་སྤྲོ་སྣང་ལྡན།
ཡིན་ནའང༌། ཚང་མལ་རྩིག་བཟོ་དང༌།
རྒུམ་བུ་འཐུ་རྒྱུའི་ཕན་ཆད་ནས།
ཁུག་རྟ་ཆུང་བས་དོན་ཆེན་གཏན་ནས་སྒྲུབ་མི་ཤེས།
ལྟོས། ནམ་མཁའ་སྤྲིན་གྱིས་བསྒྲིབས་ཏེ།
ཆར་རླུང་བསླེབ་ལ་ཉེ་དུས།
ཁུག་རྟ་མོ། འཚུབ་བེར་ཕ་རོལ་ཏུ་འཕུར་ཅིང༌།
འཚུབ་བེར་ཚུ་རོལ་ཏུ་འཕུར་ཏེ།
རྔ་སྒྲོའི་ཁེ་གྲི་བཟུང་ནས་མཁའ་དབུགས་འདྲ་ཡིན་གདའ།
རྩལ་སྦྱོང་ར་བའི་དྲི་བ།
དེ་རིང་ཕྱི་དྲོའི་རྩལ་སྦྱོང་སློབ་ཐུན་སྐབས།
དགེ་རྒན་གྱིས། ང་དང་ཕུར་བས་སྦེ་ག་འགྲན་དགོས་ཟེར།
ཡིན་ནའང༌། དགེ་སློབ་ཚོགས་ས་ནས།
ཕུར་བས་འབོད་ཐེངས་དང་པོར།
ཕྲན་གྱིས་ཁོ་ལ“ཅུང་ཙམ་སྒུགས་དང༌།
ཕྲན་གྱིས་ལྷམ་སྒྲོག་ཇེ་དམ་ལ་བཏང་རྗེས་ཡོང”ཞེས་བཤད།
ཕུར་བས་འབོད་ཐེངས་གཉིས་པར།
ཕྲན་གྱིས་ཁོ་ལ“ད་དུང་ཅུང་ཙམ་སྒུགས་དང༌།
ཕྲན་གྱིས་སྐ་རགས་འོར་འཆིང་བྱས་རྗེས་ཡོང”ཞེས་བཤད།
ལྷམ་སྒྲོག་དམ་པོར་བཏང་ཟིན།
སྐ་རགས་འོར་འཆིང་བྱས་ཟིན།
ཡིན་ནའང༌། བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།
ཕྲན་གྱི་དྲག་ཏུ་ལྡིང་བའི་སྙིང་ཆུང་ནི།
ལྟིག་ལྟིག་བྱེད་ཚུལ་འདི་འདྲ་ན།
སྐུད་པ་གང་གིས་བསྡམ་དགོས་སམ།
འཚིག་པ་ཟའོ། །
མི་ལ་ལས། བདག
བདག་གི་ཤ་ཉེ་འདི་འདི་འདི་ལ་རིག་གོ་ཟེར།
མི་ལ་ལས། བདག
བདག་གི་ཤ་ཉེ་དེ་དེ་དེ་དང་འདྲའོ་ཟེར།
ཡིན་ནའང༌། ཟེར་ཟེར་ཐམས་ཅད་ལས།
བདག བདག་གི“ཨ་ཕར”འདྲའོ་ཟེར་མཁན་ལ།
སྙིང་ཁོང་རུས་པའི་གཏིང་ནས་འཚིག་པ་ཟ།
ཅིའི་ཕྱིར་ཞེ་ན། དོན་ངོ་མར།
ཁོ་ཚོས་ཟེར་བའི“ཨ་ཕ”དེ།
བདག་གི་ད་ལྟའི་ཕ་གཡར་འདི་ལ་ཟེར་བའམ།
ཡང་ན། སུ་ཡིན་བདག་གིས་མི་ཤེས་པའི།
“ཨ་ཕ”ངོ་མ་དེ་ལ་ཟེར་བཞིན་པ།
བདག་གིས་ངོ་མ་ཤེས་ཐབས་མེད་པས་སོ། །
ལྷག་བསམ།
བྱེའུ་ཆུང་ཅོ་ག་ཞིག
བྱེའུ་སུག་ཆག་པས་ངུ་བཞིན་གདའ།
ཕྱེ་ལེབ་དམར་ཁྲ་ཞིག
བད་ཀྱིས་ནོངས་ནས་ངུ་བཞིན་གདའ།
བྱེའུ་ཆུང་ཅོ་གར། བདག་གིས།
རྩི་ཏོས་ཆག་སྐྱོར་བཞག་ན་སྙམ།
ཕྱེ་ལེབ་དམར་ཁྲ། བདག་གིས།
སྨན་པའི་མདུན་དུ་འཁྱེར་ན་སྙམ།
དེ་དག་ལས་ཀྱང༌། རྩེད་གྲོགས་ལྷ་མོ།
ཨ་ཕ་གྲོངས་ནས་ངུ་བའི་དུས།
བདག་གིས། བདག་གིས།
ངེད་ཚང་གི་ཨ་ཕ་མོ་ལ་བགོ་དགོས་སྙམ།
རླངས་འཁོར་དང་གློག་སྒྲོན།
རླངས་འཁོར་གཏོང་དུས།
གློག་སྒྲོན་མེད་ན་ག་ལ་འགྲིག
ཕུ་བོའི་རླངས་འཁོར་ལའང༌།
གསལ་ཞིང་དྭངས་པའི་གློག་སྒྲོན་ཆ་གཉིས་འདུག
ལྷམ་ཆུང་ཆ་འདི།
བུ་ཆུང་བདག་གི་རླངས་འཁོར་ཡིན་ན།
འོ་ན། བདག་གི་རླངས་འཁོར་གྱི།
གློག་སྒྲོན་ད་ལྟ་གང་ན་ཡོད་དམ།
འོ། ལྷམ་ཆུང་སྣ་མགོར་ཨི་ཁུང་བརྟོལ་རྗེས།
བདག་གིས། སྙིང་རྗེ་བའི་མཐེབ་ཆེན་ཆ་འདི།
རང་གི་རླངས་འཁོར་གྱི།
གློག་སྒྲོན་དུ་སྤྲད་དགོས་སྙམ་སོང༌།
སེམས་ཁྲལ།
ངེད་ཚང་གི་ཡུལ་ཁྱིམ།
རི་བོ་ཞིག་གི་འདབས་ན་ཡོད་ལ།
ཕྱོགས་བཞི་བོ།
དཔངས་མཐོ་བའི་རི་ཚོགས་ཀྱིས་བསྐོར་ནས་ཡོད།
ཨ་ཕས་བཤད་ན“རི་ཆེན་པོའི་ཕག་ན
སྐྱིད་ཅིག་ཡོད”ཅེས་ཟེར།
ཡིན་ནའང༌། བུ་ཆུང་བདག་གིས་བལྟས་ན།
ཆར་ཞོད་བབས་ཚེ།
རི་ཆེན་གྱི་ངོས་ནས་རྒྱུག་པའི།
ཤྭ་འོད་ནི་དྲག་ཅིང་རྩུབ་པས།
ང་ནམ་ཡང༌། ངེད་ཚང་གི་ཡུལ་ཁྱིམ་ཡོད་ས་འདིར།
སེམས་ཁ་མི་བདེའོ། །
རྩོམ་ཁུངས།