གཅེས་ཕྲུག
འདི་རུ་ཤོག་དང་། གཅེས་ཕྲུག
ཨ་མའི་པང་ན་འབྱོར་ཕྱུག་གི་གཏེར་མཛོད་དང་།
ངོ་མཚར་ཆོག་ཤེས་བྲལ་པའི་ལྟད་མོ་མེད་མོད།
ཁྱོད་ཀྱི་ལུས་ལ་དྲོད་སྐྱིད་ཀྱི་བདེ་སྣང་སྟེར་ནུས།
ཁྱོད་ཀྱི་སེམས་ལ་ཚད་མེད་ཀྱི་བརྩེ་བ་སྦྱིན་ནུས།
རང་སེམས་ཞིབ་མོས་བཅོས་པའི་ཚང་མལ་འདི།
ཁྱོད་ལ་བྱིན་པའི་ཤམ་བྷ་ལའི་ཞིང་ཁམས་ཡིན།
མཆོང་ལྡིང་གྱིས་དང་། གཅེས་ཕྲུག
རང་ཁྱིམ་ན་གློག་འཕྲུལ་ལྡན་པའི་རྩེད་ཆས་མེད་ལ།
དགོས་འདོན་ཀྱི་ནོར་བུའང་མི་གནས་མོད།
ཁུ་ལུའི་སྤོ་ལོ་དང་ཐེ་གེའི་སྒོ་ཕྱུགས།
ད་རུང་དབྱངས་གསལ་སོ་བཞིའི་གླུ་དབྱངས་སྙན་མོ་དེ།
མེས་པོས་ཁྱོད་ལ་བཞག་པའི་ཚིམ་མེད་ཀྱི་རོལ་རྩེད་ཡིན།
ལྷུག་ལྷུག་དགོད་དང་། གཅེས་ཕྲུག
ཨ་མའི་མཆུ་འདབ་ཡང་མོས་འདི་ལྟར།
ཁྱོད་ཀྱི་ལུས་ཡོངས་མ་ལུས་འོ་ཡིས་ལྡག་པར་ཆུགས་ཤིག
བྲང་ཁོག་ན་ནམ་རྒྱུན་སེམས་ཁྲལ་ངན་ངོན་ཞིག་གནས་པ་ནི།
ནམ་ཞིག་ཁྱོད་ནར་སོན་ནས་སྟག་ཤར་ཡིན་དུས།
ངའི་བྱམས་སེམས་ཀྱི་འོ་ཞིམ་དེ་རིང་ནང་བཞིན།
དགའ་བས་དང་དུ་ལེན་མི་སྲིད་པ་དེ་རེད་ཨང་།
ལོངས་སུ་སྤྱོད་དང་། གཅེས་ཕྲུག
གོ་ལའི་སྟེང་ཆེས་མཐོ་བའི་ལྗོངས་ནི་ཁྱོད་ཀྱི་ཕ་ཡུལ་ཡིན་ལ།
འཇིག་རྟེན་དུ་ཆེས་བརྩེ་བའི་གཉེན་ནི་ཁྱོད་ཀྱི་མ་ལོ་ཡིན།
ད་དུང་ཉི་མས་བཞུ་མ་ནུས་པའི་ཁ་བའི་ཁོར་ཡུག་ཅིག་ཀྱང་ཁྱོད་ལ་ཡོད་པས།
རྒྱུས་མེད་དང་ཐེ་ཚོམ་གྱི་འཛེམ་དོགས་འཆང་ག་ལ་དགོས།
ཡོད་ཚད་ཀྱི་ཡོད་ཚད་སྔོག་འདོན་བྱོས་ལ་ཁྱེར་དང་།
མཐར་མཇུག་ང་ལ་མཁོ་བ་ནི་བུ་ཡི་དྲིན་ལན་མ་ཡིན་ཏེ།
སེམས་རྟེན་ཁྱོད་ཀྱིས་མིའི་རིགས་ཀྱི་འབྱུང་འགྱུར་ལ།
གནམ་ས་འགུལ་བའི་ལག་རྗེས་ཤིག་འཇོག་རྒྱུ་དེ་ཡིན།
རྩོམ་ཁུངས། ༢༠༠༢ལོའི་སྦྲང་ཆར།