ཞིང་གྲོང་གི་སྙན་ངག (ཚན་པ་གསུམ)
ཞིང་གྲོང་གི་ས་སྲོད།
ཁུ་བྱུག་མོན་ནས་བསླེབས་དུས།
རྩི་ཤིང་དང་མྱུ་གུ་ལ་ལྗང་མདོག་གི་ཚེ་སྲོག་རྒྱས།
གཞོན་ནུ་མའི་ཤབ་ཤུབ་ཀྱི་གསང་གཏམ་དྲོན་མོས།
སྒོ་ཞིང་གྲུ་བཞི་མའི་བྲང་ཁོག་བརླན་གྱིས་གཤེར།
འཕྲེད་གླིང་འབུད་མཁན་ཚོའི་ས་སྲོད།
སྣུམ་ཤིག་ཤིག སྣུམ་ཤིག་ཤིག
མགོ་རས་དམར་པོ་ཚོའི་ལྟག་རྒྱབ་ཏུ།
སྟག་ཤར་ཚོ་ནམ་ཡང་མདའ་ལྔ་པ་ཡི་འབེན་ལ་ཁེལ།
སྡོང་ལོ་སྟུག་པོའི་ཡལ་གའི་གསེབ་ནས།
སྐྱ་ཀ་ཁྲ་མོའི་གནས་མལ་ལ་ལྐོག་ལྟ་ཞིག་བྱེད་པར།
སྒོ་འགྲམ་གྱི་ཁྱི་རྒན་རྒྱ་ལི་དེར་སྡང་སེམས་གཏིང་ནས་སྐྱེས།
སྐྱེངས་སླ་བའི་དགོང་ཁའི་མཚམས་སྤྲིན།
དམར་ལེར་མེར། དམར་ལམ་མེར།
སྒྲོན་མེ་གཟིམས་ནས་སྐར་ཚོམ་གྱིས་ལྐོག་ལྟ་བྱེད་དུས།
ཤིང་ཁང་ཆུང་ཆུང་གི་སྙིང་གཏམ་བྱོ་ས་ན། ང་ཡོད་དམ།
གྱེས་ཁར། སེམས་པ་ཆུ་ཕྲན་ལྟར་བཞུར་ཉིན།
རྐ་འགྲམ་དུ་མགོ་བོ་སྨད་པའི་མེ་ཏོག་སེར་ཆུང་།
འཁྲེང་སེམས་ཀྱིས་རྒུད་པའི་འཐག་མཁན་བུ་མོ་བཞིན།
གླང་རྫིའི་སྐད་ཅིག་མའི་འཛུམ་མདངས་ལ་འཁྱུད་དེ།
ཞིང་གྲོང་གི་ས་སྲོད་ཇི་འདྲའི་རབ་རིབ་ཡིན་ཚུལ་བཤད་ཀྱང་།
ཁྱོད་ནམ་ཡང་གཙང་ཆུའི་ཕ་རོལ་རེད།
ང་ནམ་ཡང་གཙང་པོའི་ཚུ་རོལ་ཡིན།
ཞིང་པའི་བུ་མོ།
སྒོ་ཞིང་གི་རྣང་མའི་བར་ནས་ཐོད་གཉེར་ལ་རི་མོ་བྲིས།
རྩྭ་ལྡུམ་དང་ཡུ་པོ་བཏུས་ཏེ་ཞིང་གྲོང་ལ་རྒྱགས་ཕྱེ་བཙལ།
དབྱར་ཟླ་ཧྲིལ་བོར། ཁུ་བྱུག་དང་འབྲུག་སྒྲའི་དབྱངས་སྙན་ཁྲོད།
ཁྱོད་ཀྱི་ལག་ཆུང་། ལྗང་མྱུག་གི་འདབ་ལོའི་གསེབ་ནས།
བདེན་ལུགས་སྨྲ་བའི་པིར་ཐོགས་པའི་སྨྱུག་རྩེ་བཞིན།
རྫུ་བག་གི་ཞྭ་མོ་གྱོན་མཁན་གྱི་རྩྭ་ལྡུམ་ཚོར།
སྐྱོན་བརྗོད་ཀྱི་མཛུབ་མོ་ཀེར་བཞིན་སྲོག་གཅོད་ཀྱི་ཉེས་ཆད་བཅད།
ད་ལོར། འབྲུ་རིགས་ཀྱི་རིན་གོང་ལྷུང་བས།
ང་། ཞིང་ཁའི་དེའུ་འབུར་སྟེང་འགྲེང་སྟེ།
སྔོ་དྲེག་གིས་བརྒྱན་པའི་ཁྱོད་ཀྱི་ལག་ཆུང་ལ་ལྟ་བཞིན།
སེམས་ཁྲལ་གྱི་མིག་ཟུང་ཕུར་ཚུགས་སུ་ཟུག
གླང་རྒན་སེར་ཐོ།
གླང་རྒན་སེར་ཐོ། ཁྱོད་དང་ངའི་ནུ་བོ།
ད་དུང་ཤུག་པའི་སྣ་གཅུ་དང་ཐོང་གཤོལ་ནག་པོ།
དྲོད་ཁུད་ལྷུང་བའི་ཆུང་མའི་རྨི་ལམ་དཀྲོགས་ཏེ།
འཁྱག་སིབ་སིབ་ངང་སྐྱ་རེངས་ཀྱི་ཐུ་འོག་ནས་ལམ་དུ་ཆས།
ཁྱོད་ཚོ་གང་དུ་འགྲོ། ས་ཆེན་གྱི་ཐོང་ག་གཤགས་ཏེ།
དྲུག་ཤ་ལེབ་མོ་ན་ཟུག་གིས་ཁེངས་ནས།
ལྕག་ཚན་དམར་པོས་བཙན་ཤེད་ཀྱི་ཁྲོད་དང་།
ཐོང་གཤོལ་ནག་པོའི་ཨུ་ཚུགས་དེ་བཟློགས་ནས།
གང་དུ་འགྲོ། ཕ་ཡུལ་ལ་ཉི་རྩེ་མ་འཕྲོས་པའི་སྔོན་དུ།
འགྲོས་ལྕི་བའི་ཁྱོད་ཀྱི་རྨིག་རྗེས་ལེབ་མོ་རེའི་སྟེང་དུ།
ནས་འབྲུ་སྔོན་མོའི་འཁྲུངས་རབས་ཀྱི་རྣམ་ཐར་རྙེད་ཐུབ་ལ།
རྩོལ་བའི་རྟགས་སུ་མཇུག་མ་འཕྲེད་དུ་གཡུག་ས་ནས།
ཁུར་གྱིས་ལྕི་བའི་ལོ་ཏོག་གི་གར་སྟབས་ཡིད་དུ་འོང་།
གླང་རྒན་སེར་ཐོ། ངས་ས་ནག་སྤར་མོ་གང་སྙིམ་པར་བཏེགས་ཏེ།
འོ་བརྒྱལ་ཞུ། ད་དུང་ཁྱོད་དང་སྦྲེལ་བའི་གླང་རྒན་
གཞན་དག་ཚོ་ལའང་།
རྩོམ་ཁུངས། ༢༠༠༠ལོའི་སྦྲང་ཆར།