པ་སངས་ལགས།
བོད་ལྗོངས་ན་ཡིད་ཀྱི་དྲན་པ་རྐུ་བའི་གླུ་མ་ཤིན་ཏུ་མང་ཞིང་པ་སངས་ནི་དེའི་གྲས་ཀྱི་གཅིག་ཡིན།
གླུ་སྐད་མཁའ་མཐའི་སྤྲིན་གསེབ་ནས་བཞུར་ཡོང་།
ངའི་བྲང་སྙིང་གི་ཕྱེད་ཀ་བརླན་གྱིས་བཟུང་།
ཐག་རིང་ནས།
རླུང་རྟ་ལེབ་མོ་ཁ་བའི་འདབ་མར་འཚུབ།
ལ་རྩེའི་དར་ལྕོག་དང་ཨ་མས།
ཁྱོད་ཀྱི་སློབ་གྲྭ་གྲོལ་བའི་ལམ་སྣེ་སྲུང་ཡོད།
པ་སངས་ལགས།
མཚོ་སྐོར་གྱི་ལམ་ན་རླུང་བུའི་རྣམ་ཤེས་རྒྱུ་ལ།
སྨོན་འདུན་ཁྱེར་བའི་ཁྲུང་ཁྲུང་ཞིག་ལྷོ་རུ་འཕུར།
དེ་ནས་བཟུང་།
ཟླ་ངོགས་ལ་འཁོར་བའི་ཁང་མིག་དེར།
རྫ་ཆུའི་དབྱངས་སྙན་གྱི་བྲག་ཅ་གཉིད་རྒྱུ་མེད།
ཁྱེད་རང་བགད་མྱོང་ལ་ངུས་པའང་གྲངས་མེད།
བདག་ཁྱོད་ལ་རྒྱུས་མངའ་མེད་ན་ཡང་།
ངས་ཁྱོད་ཀྱི་གཏམ་རྒྱུད་བྲིས་ཆོག
པ་སངས་ལགས།
མི་ཚེ་ནི་དཀའ་སྡུག་གི་འགྲུལ་བཞུད་ཐེངས་ཤིག་སྟེ།
ཡོད་ཚད་འཇའ་གཟུགས་ཀྱིས་མངོན་ཞིང་ཡལ་དུས།
ད་གཟོད་རང་རང་གི་མགྲིན་ངག
ཨ་མར་ལྷག་བསམ་འབུལ་བའི་ཉེ་ལམ་ཙམ་ཨེ་ཡིན།
དམག་ལྭ་ལྗང་སེར་གྱོན་པའི་པ་སངས་ལགས།
རྩོམ་ཁུངས། ༡༩༩༡ལོའི་གངས་རྒྱན་མེ་ཏོག