ལམ་འཕྲད།
མི་ཚོགས་བཞུར་བའི་ཁྲོད་ནས་མགོ་བོ་བཏེགས་ཐེངས་ཤིག་ན།
བརྩེ་དུངས་ལ་ཉིས་ཤད་ཐོབ་ཅིང་རིང་དུ་ཕྱིན་པའི་
མིག་ཟུང་གཉིས།
སླར་ཡང་ཐོལ་གྱིས་ཕྲད་པས།
དྲན་ཡུལ་གྱི་ཡིག་ཚོགས་དབྱིངས་སུ་ཡལ།
གདམ་ངས་མ་ཟིན་པའི་ཐ་སྙད་མང་བོ་ཞིག
དབུགས་ཀྱི་གོང་བུར་བཏུམས་ནས།
མགྲིན་ཁོག་ཏུ་ཡང་ཡང་འདྲིལ་ཏེ་སོང་།
མིག་འདྲིས་སུ་སོང་བའི་ལག་སོར་དེས།
ཉི་གདུགས་ཀྱི་ཡུ་བ་དང་སྙིང་རྩ་མཉམ་གཅིག་ཏུ།
ཡང་སྡོམ་ལན་གཅིག་བྱས་པས།
ཟུངས་ཁྲག་གི་རླབས་རྒྱུན་ཡང་མོ་ཞིག་འཁྱོམ་པ་ཚོར།
དཔུང་བ་དང་ཕྲག་མགོ་འཕྲད་ལ་ཉེ་བའི་བར་ནས།
སེམས་མི་ཤེས་པའི་བསིལ་རླུང་ཞིག
འཚང་ཁ་རྒྱག་བཞིན་ཐོན་སོང་།
ཕྱི་མིག་གི་བརྗོད་བྱ་སུས་ཀྱང་རྟོགས་དཀའ་བས།
རྡོག་མགོ་གང་དུ་འཁོར་བའི་ཕྱོགས་དེར་མི་འགྲོ་
ཐབས་མེད་བྱུང་།
མགོ་བོ་སྨད་ནས་གློ་བུར་གྱི་བྱུང་བ་དེ།
ཡང་ཡང་ཚགས་སུ་བསྒྲིགས་ཀྱང་།
གོ་རིམ་དུ་སྡེབས་མ་བྱུང་།
རྩོམ་ཁུངས། གངས་འདབས་ཀྱི་སེམས་པ།