དགུན་གྱི་བུ་མོས་དཔྱིད་ཀྱི་ན་ཆུང་སྦྲུམ།
ཤ་ཕོའི་རྭ་བ་ལྷུང་།
རྟ་ཕོའི་དྲུག་ཤ་སྐམ།
མེ་ཏོག་གི་དྲི་བསུང་ཉམས་ཤིང་།
བྱ་བྱེའུ་ཡི་སྐད་སྙན་འགགས།
ཁ་བ་ལེབ་མོ་བྱ་རྒྱལ་གཤོག་པ་འདྲ།
བྱང་རླུང་དྲག་པོས་སེང་གེའི་ང་རོ་འཇོམས།
ས་གཞི་སྟོང་སིང་ངེ་།
མི་ཡུལ་སྐྱ་ཐིང་ངེ་།
ཡིན་ཀྱང་བདག་ནི་དགུན་ལ་ཅིས་མི་དགའ།
དུས་བཞིའི་འཁོར་ལོའི་བགྲོད་པའི་གུར་ཁང་ལ།
དགུན་གྱི་བུ་མོས་དཔྱིད་ཀྱི་ན་ཆུང་སྦྲུམ།
ཀྭ་ཡེ་གྲོགས་པོ་དག
བདག་ཅག་གི་དཔྱིད་དཔལ་མདུན་ན་ཉེ།
བདག་ཅག་གི་བརྩེ་བ་མདུན་ན་ཉེ།
སེམས་ནང་ནང་གི་རེ་སྒུག་མདུན་ལ་གཏོད།
སེམས་ནང་གི་སྨོན་འདུན་མདུན་ལ་གཏོད།
རྩོམ་ཁུངས། ༡༩༨༩ལོའི་སྦྲང་ཆར།