བུད་མེད་ཚོ།(ཚན་པ་གསུམ)
བུད་མེད་ཚོ་མཐོ་སྒང་གི་ཉི་འོད་བཞིན་ཕྱོགས་མེད་བཀྲ།
བུད་མེད་ཚོ་རྫ་གསེབ་ཀྱི་ཆུ་ཕྲན་བཞིན་ལྷུང་ལྷུང་འབབ།
བུད་མེད་ཚོ་ལྷབ་ལྷུབ་ཀྱི་ཁ་བ་བཞིན་དཀར་ཞིང་གསལ།
བུད་མེད་ཚོ་སྟོན་མཚན་གྱི་ཟླ་བཞོན་བཞིན་མཛེས་སྡུག་ཤིང་སྡུག
བུད་མེད་ཚོ། བུད་མེད་ཚོ་ཁ་བའི་ཁྲོད་ཀྱི་མེ་ཏོག་བཞིན་ནན་ཏན་གྱིས་དགོད།
བུད་མེད་ཚོ། བུད་མེད་ཚོ་སྐྱེས་པ་ཚོའི་ལྡུམ་རར་ལྷག་གེར་འཛུམ།
ཁེར་བཤད།
ངེས་མེད་ཀྱི་ཡུལ་གྲུ་འདིར།
རྨི་ལམ་གྱི་འཇབ་རྒོལ་བཞིན་ཐེངས་མང་བསྙེགས་རྗེས།
ད་ནི་གྲིབ་གཟུགས་ཀྱིས་གང་དགར་འདྲུད་ཆོག་པའི་ང་སྟེ།
ལས་མཐུན་གྱི་རི་ལམ་དེད་ནས།
འོལ་ཚོད་ཀྱི་མདའ་གཞུ་ཐོགས་ཏེ།
ཡིད་ཞུམ་ཞུམ་གྱིས་བཞུད་པའི་རྔོན་པ་ཁེར་རྐྱང་།
ཡོད་ཚད་མནོ་བསམ་གྱིས་བཏབ་པའི་ད་ལྟའང་།
སུ་ཞིག་གི་འགྱིང་གླུ་ནི་ངའི་མི་ཚེ་ཡི་སྟོབས་ཤུགས་ཡིན།
མ་སྐྲ་ཐོག་གི་ཁེ་དབང་མཐོ་སྒང་གི་ཚོན་རྩིར་བསྒྱུར་ཉིན།
ངས་ངག་འཛེར་འཛེར་གྱིས་སུ་ཞིག་གི་མིང་ནས་འབོད་ཆོག་གམ།
ལེགས་སྐྱེས།
བར་ཐག་ཅིག་ནན་གྱིས་བརྒལ་རྗེས།
གནས་ས་དང་ཕ་མའི་ངོ་བོ་ཡུན་གྱིས་མཐོང་།
ཟླ་ལྔ་སོན་པའི་གཅེས་ཕྲུག
ཡོད་ཚད་ཀྱི་དབྱེ་མཚམས་ཏེ།
དགའ་སྐྱོ་འདྲེས་མའི་བགྲོད་ཤུལ་ལ་ཕྱི་མིག་བལྟ་དུས།
མེ་ལོང་ངོས་ཀྱི་ས་རྡུལ་ལས་རང་ཡང་འཚོལ་དཀའ།
ལྷ་མཚོ། བཀྲ་ཤིས་མཚོ།
ལུང་ཕུགས་གཉིས་ན་དལ་མེད་དུ་བཞུར་བའི་ཆུ་ཕྲིན།
ཐོས་བྱུང་ངམ།
ངའི་ཡིད་སྨོན་གྱིས་གྱེར་བའི་ལྷུང་སྒྲ།
ཐོས་བྱུང་ངམ།
ངས་ལག་ཟུང་གིས་བཏེགས་པའི་མེ་ཏོག
ད་དུང་ངའི་སྙིང་ཁོང་ན་གཏན་དུ་གསོན་པའི་གཅེས་ཕྲུག
རྩོམ་ཁུངས། ༡༩༩༦ལོའི་སྦྲང་ཆར།