ཙོང་ཁ་པ །
ཙོང་ཁ་པ། མཚམས་སྤྲིན་གྱི་ཀློང་ལ་བཞུགས་དུས།
མེ་ཏོག་གི་མཆི་མས་འདོད་བློ་བརླན་མ་མྱོང་ལ།
ཙོང་ཁ་པ། རི་ཁྲོད་ཀྱི་པང་ཕེབས་དུས།
འཇིག་རྟེན་ལ་ཕྱི་མིག་ཀྱང་མ་གཟིགས།
ཙོང་ཁ་པ།གནས་ལུགས་ཀྱི་དེད་དཔོན།
རྟེན་འབྲེལ་གྱི་ལྡེ་མིག
ལྷག་བསམ་དང་བྱིན་རླབས་ཀྱི་བུམ་ཆུ་བསྣམས་པའི་
ངེས་དོན་གྱི་དྲང་སྲོང་།
ཙོང་ཁ་པ།
དགོངས་པ་དང་ཀུན་སྤྱོད་ཀྱི་མཐོ་སར་འཕགས་ཏེ།
སེམས་ཅན་ལ་བདེ་ལེགས་གྲངས་མེད་ཀྱི་འགྱུར་ཁུགས་བོས།
ཙོང་ཁ་པ། ཐར་པའི་རི་དྭགས་རྔོན་མཛད་ཤ་ཝ་རི།
ཕྱག་ཕྲེང་དང་ལྷུང་བཟེད་ལས་མེད་པའི་འབྱོར་ལྡན་པ།
ཞི་བའི་ཚོ་དཔོན། རྣམ་ཤེས་ཀྱི་ཁ་ལོ་པ།
འགྲོ་བའི་སྤྱི་གཙུག་ན་འཛུམ་པའི་ཉི་མ།
ཙོང་ཁ་པས་རིགས་དྲུག་གི་མིག་ཆུ་བཞེས་རྗེས།
ལེགས་བཤད་ཀྱི་འོད་ཟེར་སྤྲོ།
ཙོང་ཁ་པ།སྙན་གྲགས་དང་འདོད་ཡོན་ལ་སྡང་བའི་
ཁེར་རྐྱང་གི་རྒྱལ་སྲས།
ཙོང་ཁ་པ། ངའི་མཆོད་སྟེགས་ན།
ནམ་ཡང་འཛུམ་པའི་གསེར་མདོག་གི་མར་མེ།
རྩོམ་ཁུངས། ༢༩༩༨ལོའི་སྦྲང་ཆར།