དུར་ཁྲོད་ཀྱི་དངངས་སྐྲག
ང་ཤི་མེད ཤི་མེད་པས
ངའི་ལུས་ཕུང་བཅུད་པོ་གཏེར་དུ་མ་སྦས
ངའི་རྣམ་ཤེས་གསོན་པོར་ལམ་འཇུག་མ་བྱེད
ཉོན་དང ས་འོག་ན་འཁྱགས་ཟིན་པའི་འགྱུར་རྡོ་མང་པོས
ཁོ་ཚོ དུར་ཁྲོད་ནས་ཤི་ཚར་ཟེར
ས་ཁ་ན་སྐམ་ཟིན་པའི་ཀེར་རུས་མང་པོས
ཁོ་ཚོ དུར་ཁྲོད་ནས་འཇིག་ཟིན་ཟེར
དུར་ཁྲོད སུ་ཞིག་གི་གཅེས་སྲོག་གི་འཐབ་ར་ཡིན
གནའ་ནས་ད་བར་དུ་དུར་ཁྲོད་ནས
ཕ་མེས་ཚོའི་རུས་རྐང་ས་ནག་གིས་ཧབ་ཀྱིས་དྲངས
དཔའ་རྒོད་ཚོའི་ཀླད་རུས་བྱ་རྒོད་ཀྱིས་དབྱིངས་སུ་ཁུར
ད་དུང དྭ་ཕྲུག་དང་བུད་མེད་ཚོའི་ངོ་གདོང
ཁྱི་སྤྱང་གིས་ཧྲུག་གེར་འཆོས
དུར་ཁྲོད ཡ་ང་བའི་མི་ཡུལ་གྱི་གཡུལ་ས་རེད
གཡུལ་ས ཉེས་མེད་ཚེ་སྲོག་གི་བཞུར་ལམ་རེད
དུར་ཁྲོད་ན མིག་ཆུ་དང་ཟུངས་ཁྲག་གི་མཆོད་པ་མཉམ་དུ་བཞུར
དུར་ཁྲོད་ན དམུས་ལོང་དང་ཉམ་ཆུང་གི་མིག་ཟུང་ལྷན་དུ་བཙུམས
དུར་ཁྲོད མུན་པ་ནག་པོའི་མིག་ཟུང་བཞིན
མིག་ཟུང་དེ ཉེས་མེད་ཀྱི་གསོན་སྙིང་ལེན་པའི་རལ་གྲི་ཡིན
རྣོ་ངར་གྱི་སོ་ཁ་རེ་ནས
མཚར་སྡུག་གི་རི་ཆུའི་ལང་ཚོ་རྨས་ཤིང
ཁོད་ཡངས་པའི་གནམ་སའི་ངོ་གདོང་བརླགས
ཁྱེད་ཀྱི་བར་སྣང་ན རུས་རྐང་ལ་སྲེད་པའི་བྱ་གླག་གི་རྐན་སྒྲ་ཐག་གེ
ཁྱེད་ཀྱི་ས་གཞི་ན མི་ཁྲག་གིས་ཚིམས་པའི་གཅན་གཟན་གྱི་ངར་སྒྲ་དི་རེ
དུར་ཁྲོད་ཀྱི་ངོ་གདོང་ན
དཀའ་སྡུག་གིས་འཕག་པའི་སེམས་ཅན་མང་བོ་འབུ་ཚོགས་བཞིན
མེད་མུག་གིས་ཤི་བའི་རྣམ་ཤེས་མང་བོ་བུ་ཡུག་བཞིན
གང་དུ་བལྟས་ཀྱང་ན་ཟུག་གི་འགུལ་སྐྱོད་རེད
གང་ལ་སོང་ཡང་མནར་གཅོད་ཀྱི་སྨྲེ་ངག་རེད
དུར་ཁྲོད མི་ཡུལ་གྱི་དབང་བསྒྱུར་བཞིན
དབང་བསྒྱུར་མི་ཡུལ་གྱི་དངངས་སྐྲག་རེད
ཡོད་ཚད དུར་ཁྲོད་ལ་ཞེན་ནས་འདར་ལྕིག་ལྕིག
དུར་ཁྲོད ལས་དབང་གི་འབར་བའི་མེ་རི་ཡིན་ན
དེ་ན ཐར་མ་ཐུབ་པའི་ཉམ་ཆུང་གི་འགྲོ་བ་དུ་ཡོད
དེ་ན འཆི་མ་རན་པའི་ཉེས་མེད་ཀྱི་ཚེ་སྲོག་དུ་ཡོད
དུར་ཁྲོད མནར་གཅོད་ཀྱི་ལྕགས་མཁར་སྒོ་མེད་རེད
ལྕགས་མཁར་དེ་རང་དབང་གི་འདོགས་ཐག་རེད
ཁྱེད་ཀྱི་གཡས་གཡོན་ན་ཤི་ཟིན་པའི་བེམ་པོ་རི་ལྟར་སྤུངས
ཁྱེད་ཀྱི་སྟེང་འོག་ནའཁྱགས་ཟིན་པའི་ཟུངས་ཁྲག་མཚོ་ལྟར་འཁྱིལ
གནམ་རྒན་མ ཁྱེད་ཀྱིས་གཟིགས་དང
དུར་ཁྲོད་ཀྱི་འཐབ་ར་ན མི་ཡུལ་གྱི་དབང་ཤེས་གཉོམ་པོ
སུ་ཞིག་གི་བྲན་གཡོག་ཡིན
མི་ཡུལ་གྱི་སེམས་པ་དྭངས་མོ སུ་ཞིག་གིལོངས་སྤྱོད་ཡིན
དུར་ཁྲོད་ཀྱི་མདུན་དུ ཡོད་ཚད་བང་གིས་རྒྱུག་ཅིང
དུར་ཁྲོད་ཀྱི་མདུན་དུ ཡོད་ཚད་ལྷན་དུ་འགྱེལ
དུར་ཁྲོད་ན རང་དབང་གི་སྒོ་མོ་རྡོ་ཡིས་བཀག་ཅིང
དུར་ཁྲོད་ནས བརྩེ་འདང་གི་སྙིང་ནོར་རླུང་གིས་ཁྱེར
དུར་ཁྲོད རྔམ་སེམས་དང་སྡང་མིག་གི་དབུས་ན་འཇིགས་ཡེར་རེ
སྒེར་སེམས་ཀྱི་ན་བུན་ཁྲོད་ན་ནག་ཐོམ་མེ
དུར་ཁྲོད ཟུངས་ཁྲགལ་འཁྱུད་ཅིང
ཟུངས་ཁྲག་གིས་ཚིམས
༢༠༠༢ ༥ ༦
རྩོམ་ཁུངས། སྙན་ངག་དེབ