ལྗོན་པ་དང་ཚང་མལ། ད་དུང་སྒོ་ང་། (ཞར་བཀོད་གཅིག)
ལམ་འགྲམ་ན། གནའ་བོའི་ལྗོན་པ་ཞིག་ཡོད།
མི་ལོ་བརྒྱ་ཕྲག་མང་བོ་འགོར་སོང་ནའང་།
ལྗོན་པ་དེའི་མགོ་རྔ་བར་གསུམ་ནས།
ད་ལྟ་ད་དུང་། ལྗང་མདོག་གི
ཡལ་ག་དང་ལོ་མ་གསར་བ་རྣམས་འབུ་བཞིན་གདའ།
ལྗོན་པ་དེ། བདག་གི་སྨོན་འདུན་ཡིན།
སྨོན་འདུན་གྱི་ལྗོན་པ་དེའི་རྩེ་མོ་ན།
དྲོད་འཇམ་གྱི་ཚང་ལམ་ཞིག་ཡོད་ཅིང་།
ཚང་ནང་ན། བྱ་རྒོད་ཀྱི་སྒོ་ང་སྤུན་དྲུག་ཡོད
སྒོ་ངའི་ནང་རོལ་ནི།
མཐིང་མདོག་གི་ནམ་མཁའ་ལྟ་བུའི་གདུགས་དང་།
ཁྱོན་ཡངས་ཀྱི་དོག་མོ་ལྟ་བུའི་གདན་ཞིག་ཡིན་ལ།
གདུགས་འོག་གི་གདན་སྟེང་ན་ནམ་ཡང་།
སྟོད་མངའ་རིས་སྐོར་གསུམ་ཡོད།
བར་དབུས་གཙང་རུ་བཞིན་ཡོད།
སྨད་མདོ་ཁམས་སྒང་དྲུག་ཡོད།
བར་བར་ན་ད་དུང་རྨ་ཆུ་ཡོད།
དྭངས་གཙང་གི་ཡར་ཀླུང་གཙང་བོ་ལྷུང་ལྷུང་འབབ།
ལམ་འགྲམ་ན། གནའ་བོའི་ལྗོན་པ་ཞིག་ཡོད།
ལྗོན་རྩེ་ན་དྲོད་འཇམ་གྱི་ཚང་མལ་ཞིག་ཡོད།
ཚང་ནང་ན་བྱ་རྒོད་ཀྱི་སྒོ་ང་སྤུན་དྲུག་ཡོད།
ཕྱི་རོལ་གྱི་ཆར་རླུང་ཇི་ལྟར་རྩུབ་ན་ཡང་།
ལྗོན་པ་མ་འགྱེལ་ན་ཚང་མལ་མི་འཇོག
ཚང་མལ་མ་ཞིག་ན་སྒོ་ང་མི་འཐོར།
ཨོ། ཚང་མལ་མ་ཞིག་ན་སྒོ་ང་མི་འཐོར།
ཁྱོད་ཀྱི་ཁ་བརྡ།
ས་སྲོད་དེར། གློག་འདྲ་བའི་སྐར་མ་དེའི་འོག་ནས།
ཁྱོད་ཀྱིས་དལ་ལྷོད་ལྷོད་ངང་།
མཁའ་མཐར་འཐེན་པའི་ལམ་བུ་དེའི་ཕ་རོལ་ན་ཡོད་པའི་བདེ་སྐྱིད་ཅིག་དང་
གཏམ་རྒྱུད་ཅིག་གི་བརྒྱུད་རིམ་གླེང་མགོ་བརྩམས།
དེའི་ཚེ་ཁྱེད་ཀྱི་ཞལ་ནས།
བདག་གི་སེམས་ཁོང་དུ་ཐོག་མར་དྭངས་གཙང་གི་ཆུ་བོ་ལྟར་བཞུར་ནས་བྱུང་ཞིང་།
དེར་མཐུད་ནས། འོད་འཚེར་བའི་སྐར་མ་སྐོར་ཞིག་དང་།
གསེར་མདོག་གི་ཀོ་གྲུ་ཆུང་ཆུང་ཞིག་ཀྱང་དལ་གྱིས་བྱུང་ལ།
མཇུག་མཐར། ཁྱེད་རང་ཀྱང་དངོས་སུ་ཕེབས་ནས་བྱུང་།
དེ་ནས་བཟུང་། ངའི་སེམས་ཁོང་འདི་ན་ནམ་ཡང་།
དྭངས་གཙང་གི་མཚོ་མོ་ཞིག་འཁྱིལ་ནས་ཡོད་ལ།
མཚོ་སྟེང་ན། འོད་འཚེར་བའི་སྐར་མ་མང་བོ་འཐོར་ནས་ཡོད་དོ།།
སྐར་མའི་གསེབ་ན། གསེར་མདོག་གི་ཀོ་གྲུ་ཆུང་ཆུང་ཞིག་ཀྱང་ཡོད་ལ།
གྲུ་ནང་དུ་ནམ་ཡང་། ང་དང་ཁྱེད་ཁོ་ན་ཞུགས་ཏེ།
མཛེས་སྡུག་གི་གླིང་ཕྲན་ཞིག་སྙེག་གིན་ཡོད།
རྩོམ་ཁུངས། ༢༠༠༣ལོའི་སྦྲང་ཆར།