ལྷ་ས། རྒྱང་ཐག་རིང་བའི་གྲོང་ཁྱེར་ཁེར་རྐྱང་ཞིག
༡
གོ་ཐོས་སུ
ཁྱེད་ཉིད་གོར་མ་རྡོ་ལས་གྲུབ་སྐད
དེས་ན། ཁྱེད་ནི་རྡོ་ཡི་གྲོང་ཁྱེར་ཞིག་ཡིན་ཤེས་ཆེ།ཡིན་ཤེས་ཆེ
སྲིད་པའི་རྩེ་མོ་རུ་གནས་བཅས་པས
འདི་ཡི་རླུང་ནི་དྲག་ལ་སྤྲིན་ནི་སྟུག་ཅིང་དམའ
ཀྱེ བདག་གི་གྲོང་ཁྱེར་ལགས
༢
བདག་གི་མཐོང་ཡུལ་དུ
བརྗིད་པའི་མཆོད་རྟེན་ཚང་ཚིང་ནགས་ལྟར་འཁྲིགས
མཚན་མོ་དེ་ལ
མཐིང་མདོག་མཚོ་ལྟར་རྒྱས་པའི་ཟླ་བ་ཁྱེད་ཀྱི་མིག་མདངས་བཞིན་དུ་མུན་པར་གྱུར མུན་པར་གྱུར
ཁྱེད་ཀྱི་སེམས་བྱུང་ནམ་མཁའི་སྐར་ཚོགས་བཞིན་དུ་བཀྲམ་ནའང
ཨེ བདག་གིས་ཡང་ཡང་དཔྱད་ཀྱང་རྟོགས་དཀའ་ཨང
ཀྱེ བདག་གི་ཁེར་རྐྱང་གི་གྲོང་ཁྱེར་ལགས
༣
བདག་གི་ལང་ཚོ་དུས་བཞི་ཇི་བཞིན་ཁྱེད་ལ་དབང
-ཡོད་ཚད
ཡར་ཀླུང་གཙང་བོ་དེད་ནས་ཁྱེད་ཀྱི་འགྲམ་དུ་འོངས
ལོ་ངོ་ཅི་ཙམ་འདས་པ་མ་ཤེས་པར
ཕ་ཚ་བུ་རྒྱུད་ཀྱི་ཁྲག་རྩའི་སྦུབས་སུ
ཤ་ཁྲག་འདྲེས་མའི་ཆུ་བོ་ལོ་བཞིན་འཁོར
ཟླ་ལྟར་བཞུར
སྐྱིད་ཆུ་ཡ ཁྱེད་ཀྱི་འབབ་ཁུངས་གང་ལ་ཐུག
༤
ཕལ་ཆེར ཁྱེད་ནི་ཁ་བ་ལྡང་ཐེངས་ཤིག་གིས་བརྡིབས་ཤིང་ཉིལ
འཛམ་གླིང་ནི་ཅི་འདྲའི་རྒྱ་ཆེ་ཨང
ས་སྒང་འདིའང་ཅི་འདྲའི་དོག
… …
བདག་གི
རྒྱང་ཐག་རིང་བའི་གྲོང་ཁྱེར་ཁེར་རྐྱང་ཞིག
རྩོམ་ཁུངས། 1988ལོའི་མང་ཚོགས་སྒྱུ་རྩལ།