ཉི་མ་མེ་ཏོག(ཞར་བཀོད་གཅིག)
འོད་དང་དྲོད་ཀྱིས་བཞད་པའི་ཉི་མ་མེ་ཏོག
མཚན་རླུང་བསིལ་བསིལ་དེས་བསུམས་སོང
ཉི་འོད་ལ་ཕྱེས་མྱོང་བའི་འདབ་ལོ་ནེམ་པོ
གྲང་རེག་གི་རྨ་ཁ་དང་བཅས ནང་ནས་ནང་དུ་བསུམས་སོང
ངའི་མདུན་ཅོག་སྒང་གི་ཉི་མ་མེ་ཏོག་རྐང་དེ་བཞིན
ལག་པ་ཆུང་ཆུང་ཞིག་གིས རྫ་བུམ་ཆུང་ཆུང་ལ་བཏབ་རྗེས
ངའི་སྔས་འགྲམ་ནས ཉི་འོད་ཀྱིས་ཕྱེས་ཤིང
མཚན་རླུང་གིས་བསུམ་འགྲོ་བ་ནང་བཞིན
རེས་ཡོད་རེས་མེད་ཀྱི་ཉི་མ རེས་དྲོ་རེས་འཁྱག་གི་འཇིག་རྟེན
ཚེ་སྲོག་ཁེར་སྐྱེས་ཤིག་གི་ཐོབ་ཤོར་ནི་ཇི་འདྲའི་ཡིད་རྟོན་མེད་པ་ཞིག་རེད་ཨང
རྨི་ལམ་གྱི་འདབ་ལོའི་འབྱེད་ཟུམ་ཁྲོད་དུ
དྲོད་གྲང་གི་ཚོར་བ་ག་ཙམ་སྐུང་ཡོད་ཨང
ངའི་མདུན་ཅོག་སྒང་གི་ཉི་མ་མེ་ཏོག་རྐང་དེ་བཞིན
སེམས་པ་གཉོམ་པོ་ཞིག་གིས རྫ་བུམ་ཆུང་ཆུང་ལ་བཏབ་རྗེས
ངའི་དགའ་སྐྱོའི་ཀློང་དུ མངོན་ཆུང་གིས་བཞད་ཅིང
དྭངས་གཙང་གིས་ཟུམ་འགྲོ་བ་ནང་བཞིན
མཚན་རླུང་གིས་བསུམས་ཟིན་པའི་ཉི་མ་མེ་ཏོག
ངའི་སྔར་འགྲམ་གྱི ཉི་མ་མེ་ཏོག་རྐང་དེ་བཞིན
ལག་པ་ཆུང་ཆུང་ཞིག་གིས སེམས་ཀྱི་རྫ་བུམ་ལ་བཏབ་སོང
ཉི་ལྡོག
རྒྱབ་གཟུགས་ཆུང་ཆུང་དེ ལྕང་ལོ་ལྡེམ་ལྡེམ་གྱིས
མི་དང་འཕྲུལ་ཆས་ཀྱི་བར་སྲུབས་སུ་ཡལ་རྗེས རླུང་བུ་ལྡང་བྱུང
སྟོང་ཧང་ཧང་གི་རེག་བྱ་འཁྱག་པོ་དེས ང་དང་ལྗོན་ཤིང་གི་ཚོགས་སྒུལ་སྒུལ་བྱེད
པོ་ཏྰ་ལ་ཁོ་ན་བརྟན་བརླིང་ངེར་འདུག ཅི་ཡང་མེད་དུས
ཡོད་ཚད་ལྕང་ལོ་ལྡེམ་ལྡེམ་གྱིས་ཡལ་རྗེས པོ་ཏྰ་ལ་མཐོ་ཞིང་བརྗིད
སྟེང་དུ་འཛེག་མྱོང་མེད་པའི་དམར་པོ་རི ནང་དུ་མཇལ་མྱོང་མེད་པའི་པོ་ཏྰ་ལ
པོ་ཏྰ་ལར་སེམས་པ་བསྙེགས་དུས ས་སྒང་ཧྲིལ་པོར་བསྙེས་ཡོད་པ་འདྲ་བྱུང
ལྷ་སའི་ཉི་མ་ཇི་འདྲའི་དྲོ་ཡང རྡོ་ཡི་ཕོ་བྲང་ཇི་འདྲའི་བརྟན་ཡང
དགུ་དང་པོ་དུས་ལྟར་རླུང་བུས་འཁྱེར་ཡོང རླུང་བུ་ནི
མི་དང་འཕྲུལ་ཆས་ཁྲོད་ཡལ་གྱིན་པའི ལྕང་ལོ་ལྡེམ་ལྡེམ་གྱི་རྒྱབ་གཟུགས་ཤིག་ཡིན་ནམ
ཉིན་ཧྲིལ་པོ་ཞིག་ལ པོ་ཏྰ་ལའི་རྒྱབ་ལོགས་སུ
པོ་ཏྰ་ལ་དང་འབྲེལ་བ་མེད་པའི་རེག་བྱ་འཁྱག་པོའི་ཁྲོད་ཙོག་སྡོད་དུས
རླུང་བུ སེམས་ཁོང་ནས་ཕྱི་རུ་ལྡང་གིན་པ་ཚོར རླུང་བུའི་ཁྲོད
ཉི་འོད་ལ་འཁྱགས་པ་ཐེབས་ཀྱིན་ཡོད་དམ།
རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག