སྙན་ངག་པ།
སྦྲང་ཆར་ཟིམ་ཟིམ་བབས་ན་ཡང
མེ་ཏོག་ཅིག་འདེབས་པའི་བློ་རྒྱ་ཡོད་མ་མྱོང
ནམ་རྒྱུན རང་གི་རྐང་རྗེས་ལ་ལྟ་བཞིན
ཐག་རིང་དུ་ཕེབས་མེད་པ་གློ་བུར་ཚོར་ཐེངས་རེར
རེ་སྨོན་དང་སྐྱོ་ཤས་ལྷན་ཏུ་འདྲེས་འགྲོ
ལག་པ་ག་ལེར་བརྐྱངས་འོངས་ནས
དྲོད་འབར་བའི་ཐ་སྙད་སྣ་ཚོགས་དང
ནང་སེམས་ཀྱི་འགྱུར་བ་ཟབ་མོ
སྤང་ངོས་ཀྱི་ལུག་ཁྱུ་བཞིན་བསྲེས་ཐེངས་རེ་ལ
ཕྱུག་པོ་སྟོབས་ལྡན་ཞིག་དངོས་གནས་ཡིན་སྙམ
མེ་ཏོག་གི་འདབ་ལོར་བཀྲ་བའི་ཟིལ་ཐིགས་དྭངས་མོ
ལྗོན་ཤིང་གི་ཡལ་གར་དཔྱངས་པའི་ལོ་མ་སེར་པོ
རླུང་བསིལ་མོ་ཞིག་གིས་ག་ལེར་འཁྱེར་བའི་སྣང་ཚུལ་ཡང
ཚེ་སྲོག་ཅིག་གི་གཏམ་རྒྱུད་ལ་རྟོག་བཟོ་བྱས་པས
མིག་ཆུ་སེམས་སུ་ལྷུང་བ་ཐེངས་གཅིག་མིན
ཨ སྙན་ངག་པ སྐྱོ་ཤས་ལ་ཟད་མཐའ་ཡོད་དམ
རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག