ལོབས་ཕྱོགས་ཤིག
(ཞར་བཀོད་གཅིག)
ལོབས་ཕྱོགས་ལྟར མགོ་བོ་ཡར་དགྱེ་དུས
ཆེས་མཐོ་བའི་རི་རྩེ་སྨུག་པས་བཏུམ་འདུག
སྨུག་པ་ཀྱ་ཀྱུའི་གསེང་གི “རི་ཆུང་ཉག་ག”
བདག་ནམ་ཡང་བརྒལ་དཀའ་བའི་བརྩེ་དུང་གི་ཟམ་པ་ཡིན་པ
ཁྱེད་ཀྱིས་ཚེ་གང་བོར་ཤེས་མི་སྲིད
ལོབས་ཕྱོགས་ལྟར མགོ་བོ་མང་སྒུར་དུས
ཆེས་གཉོམ་པའི་སེམས་པ་སྨྲེང་སྐྱོས་བཅུམ་ཡོང
དྲན་པ་ཐར་ཐོར་ཁྲོད་ཀྱི་ཁྱེད་ཀྱི་རྒྱབ་གཟུགས
བདག་ནམ་ཡང་སླེབས་དཀའ་བའི་བརྩེ་དུང་གི་བར་ཐག་ཡིན་པ
ཁྱེད་ཀྱིས་ཚེ་གང་བོར་ཚོར་མི་སྲིད
ལོབས་ཕྱོགས་ལྟར སྙན་རེ་འབྲི་བསམ་དུས
ལྷོད་ལ་འབབ་དཀའ་བའི་སྙིང་ཆུང་གི་འཕར་ལྡིང་ཁོ་ནས
ཁྱེད་སར་ཕྱོགས་པའི་མིག་ཟུང་གི་རེ་བཞག་མཐའ་དག
སེར་སྣ་མེད་པར ཡིག་འབྲི་རེ་རེའི་ཁོང་གསེང་དུ་བྱོ་གིན་ཡོད
གསང་བ་ལྐོག་གྱུར་གྱི་ཁྱེད
ཁྱེད་རང རླུང་བུ་ཞིག་ཡིན་ན
ཕྱི་གསལ་ནང་གསལ་ཞིག་ཡིན་ངེས
ངའི་སྐྲ་ལོ་དང་སེམས་པ་སྒུལ་བའི་གོ་རིམ་དེ་ཡང
ངས་ཁྱེད་ལ་བྲིས་མྱོང་བའི་སྙན་ཚིག་རྐང་གཅིག་བཞིན
ཕྱི་གསལ་ནང་གསལ་ཞིག་ཡིན་ངེས
མི་ལོ་གཉིས་ཀྱི་ཡར་སྔོན་ལ ངས་དེ་ལྟར་བསམ་མྱོང
ཡིན་ནའང ཁྱེད་རང་མ་གཞི་ནས་རླུང་བུ་ཞིག་ཡིན་འདུག
ངའི་སྐྲ་ལོ་དང་སེམས་པ་སྒུལ་བའི་གོ་རིམ་དེ་ཡང
རླུང་བུ་ཞིག་རྒྱང་ལ་གཡུག་ཞོར་བཞག་པའི་དྲན་ཤིང་ཙམ་ཞིག
ཁྱེད་རང ཆུ་མིག་ཅིག་ཡིན་ན
དྭངས་གཙང་ལྷད་མེད་ཅིག་ཡིན་ངེས
ངའི་བརྩེ་བ་དང་བྲང་གཞོང་བརླན་པའི་གོ་རིམ་དེ་ཡང
ངས་ཁྱེད་ལ་བཤད་མྱོང་བའི་སེམས་གཏམ་ཚིག་གཅིག་བཞིན
དྭངས་གཙང་ལྷད་མེད་ཅིག་ཡིན་ངེས
མི་ལོ་གཅིག་གི་ཡར་སྔོན་ལ ངས་དེ་ལྟར་བསམ་མྱོང
ཡིན་ནའང ཁྱེད་རང་མ་གཞི་ནས་ཆུ་མིག་ཅིག་ཡིན་འདུག
ངའི་བརྩེ་བ་དང་བྲང་གཞོང་བརླན་པའི་གོ་རིམ་དེ་ཡང
ཆུ་མིག་ཅིག་རྒྱང་ལ་བཞུར་ཁར་བཞག་པའི་རྨ་ཁ་ཙམ་ཞིག
རྩོམ་ཁུངས། ༢༠༠༦ལོའི་གངས་རྒྱན་མེ་ཏོག