བོར་ཟིན་པའི་རྩྭ་ཐང་།
ཁྱེད་ཀྱིས་རི་རིབ་ཀྱི་རྩེ་མོར་རང་གི་གནས་ཚང་རྙེད་པ་ནས
གནམ་འདེགས་ཀྱི་ཀ་བ་དང་ས་འཛིན་གྱི་གཞི་མར་གྲུབ་ལ
ཉི་ཟླའི་འོད་གོར་ཡང་ཁྱེད་ཀྱི་ཆ་ཤས་ཀྱི་ཆ་ཤས་ཤིག་ན
གླ་གཏོང་རླངས་འཁོར་གྱི་མཇུག་སྒྲོན་གྱི་ཚུལ་གྱིས་རྒྱུ་བ་སུས་མ་མཐོང
ཆས་མཐོ་ནས་གནའ་མི་ཚོས
གནམ་གྱི་སྐས་རིམ་བརྒྱུད་དེ་ལྷ་སྒྲུང་གི་གཏམ་རྒྱུད་ཐང་མར་བརྡལ་བ་སུས་མི་ཤེས
ཁྱེད་ཀྱི་ལྟེབ་གཉེར་ཁྲོད་ནས་དམར་ནག་ངོ་གདོང་གི་མི་བུ་ཚོས
གཡག་དེད་ཀྱི་རྡུལ་འཚུབ་རིང་མོ་འཇིག་རྟེན་གྱི་མཐའ་ལ་དྲངས་པ་སུ་ཡིས་བརྗེད
སྔོ་བསངས་སྲིན་མོའི་ལྟོ་བར་ཚེ་སྲོག་གི་དར་རྒུད་མཚོན་པའི་ལས་སྐལ་གྱི་རྟེན་ཕུར་ཁྱེད་མིན་སུ
བོར་ཟིན་པའི་རྩྭ་ཐང བོར་ཟིན་པའི་རྨི་ལམ
བགྲང་བྱའི་རྐུན་པོ་འཇབ་ཀྱིན་འཇབ་ཀྱིན་བདག་གི་ཉེ་སར་བཅར
བྱུང་འདས་ཀྱི་གཏམ་རྒྱུད་ཆུ་སྤྲིན་ཇི་བཞིན་ཁད་ཀྱིས་ཡལ
ལྷ་སྒྲུང་དུ་གྱུར་པའི་མི་ཚོགས་ཀྱང་ཆུ་ཐིགས་ཆུ་ལ་འཐིམ་པའི་ངང་ཚུལ་དུ་གྱུར་རྗེས
བདག་གི་སྣང་ངོར་གྲུབ་དང་འགྲུབ་གྱིན་པ་ནི་སྣ་བཅད་ཀྱང་མི་མཐོང་བའི་གདོང་རིས་ཤིག
ཁྱེད་ཀྱི་ཚེ་སྲོག་གི་འོབས་ལམ་རིང་མོ
སྡུག་བསྔལ་དང་སྨྲེ་སྔགས་ཀྱི་སྐྱི་བུན་འཐིབས་ཐེངས་རེ་དང
གནག་སྣུམ་གྱི་སྒལ་གཞུང་ལ་རྫས་དུད་ཀྱིས་མོག་པོར་བསླད་ཐེངས་རེར
མུ་མེད་ཀློང་ཐང་ནས་ཁ་ཟས་ཀྱི་ལྡོམ་བུ་བྱེད་ཐེངས་རེར
བཙན་པོའི་སྒམ་དཀྱེལ་དང་དཔའ་བོའི་གཟུགས་བརྙན
གང་དུ་ཆས གང་དུ་ཡལ
སྤང་སྔོན་མོ་འདི་ལྕགས་ཚེར་གྱི་དྲ་བས་མུ་ཁྱུད་བསྐོར་དུས
སྤང་སྔོན་མོ་འདི་སྡིག་སྲིན་གྱི་ལག་པས་ཤ་ལྟར་གཙབ་དུས
འཕྲུལ་འཁོར་དང་དུག་རྫས་ཀྱི་སྦྱོར་བ་ལག་ཏུ་བཤམས་དུས
མདོར་ན་ཡོད་ཚད་རང་དབང་ན་མེད་དུས
ཁྱེད་ནི་འཐབ་རྩོད་དང་འཁྲུགས་སློང་ལ་སྐྲག་ཅིང་ཞེད
གཡོ་སྒྱུ་དང་མིག་སེར་ལ་འཇབ་ཅིང་བྲོས
བློ་དཀར་གཞུང་དྲང་ལ་དགའ་ཞིང་དུངས
འཚེ་མེད་དང་ཞི་བདེ་འཚོལ་ཅིང་སྙེག
བདག་གིས་དུས་ཚོད་ཀྱི་མཆོང་གར་ཆེན་པོའི་མདུན་དུ
འཆི་གསོན་གྱི་བྱ་དངོས་ཀུན་གྱི་ཡང་སྙིང་བཙལ་དུས
བདག་ཡང་བསྐྱར་ཁྱེད་ཀྱི་མགོ་ཁུངས་ལ་ཆས་འདོད
བོར་ཟིན་པ་ཡོད་ཚད་སླར་ཡང་བཙལ་ན་ཅིས་མི་ཆོག
བདག་གིས་ཡོད་ཚད་དང་དུ་ལེན་ནུས
ལྷད་མེད་དུངས་སེམས་ཀྱི་གངས་རི་ད་དུང་མིག་ལ་འཚེར
གདོད་མའི་མཛེས་སྡུག་གི་མེ་ཏོག་མ་རྙིད་སེམས་སུ་བཞད
ལྷན་སྐྱེས་བདེ་ཆེན་གྱི་བསུང་ཞིམ་མ་ཚོར་གང་དུ་བྱོ
ཁྱེད་ནི་སེམས་ངལ་ཁྲི་ཕྲག་གིས་བཏེགས་པའི་སྨོན་འདུན་གྱི་གཏད་སོ་ལགས
ཁྱེད་ནི་ནམ་ཡང་གཞིག་པར་དཀའ་བའི་མི་གཤིས་ཀྱི་བཙན་རྫོང་ལགས
ཁྱེད་ནི་ནམ་ཡང་གཞལ་དུ་མེད་པའི་རིན་ཐང་གི་རིན་ཐང་ངོ
བོར་ཟིན་པའི་རྩྭ་ཐང བོར་ཟིན་པའི་བདག
རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག