སྙན་ངག་རིང་མོ། དབུས་ལ་སོང་བའི་སྒྲུང་། ༣
གཉིས་པ། ཨ་མྱེས་ཀྱི་ཇག་གླུ།
༡
ལོ་ངོ་སྟོང་གི་སྡུག་བསྔལ་དང་བཙའ་ཡིས་ཟིན་པའི
མཚན་མོ་འདི
གཟུགས་མེད་ཀྱི་རླུང་གི་ཁ་དོག་ཀྱང་ནག་པོ་ཡིན་ངེས་པའི
མཚན་མོ་འདི
རང་གི་བྲང་ཁ་བཞིན་འདར་ཞིང་འཁྱག་པའི
མཚན་མོ་འདི
ཡང་ན ཆར་དང་ཉི་འོད་ཀྱི་གཞས་ཆུང
སེམས་ཀྱི་ལྕེ་རྩེ་ནས་རུལ་བའི་མཚན་མོ་འདི
གཏམ་རྒྱུད་ཀྱི་མཛེས་པ་ཡོད་ཚད
ས་སྲོད་ཀྱི་ལྕགས་མཁར་གྱིས་ཡོངས་སུ་བསྐོར་རྗེས་ཀྱི
སྐྱོ་ངལ་དང ཁེར་ཆད་ཀྱིས་བརྡུང་བའི
ལྕགས་སྒྲོག་གི་མཚན་མོ་ཞིག
མཚན་མོ་འདིར ངས
མཆི་མ་བཞིན་ཕྱོགས་སོ་སོར་འཐོར་བའི་དཔའ་བོའི་ཁྲག་ཐིགས་དག
རང་གི་ཆག་རོ་རེ་རེའི་སྟེང་ན་མེ་བཙའ་བཞིན་བཞག་ཡོད
ངས རང་ཉིད་ནི
སུ་ཞིག་གི་ཆེད་དུ་རྡོ་ལའང་ཟུག་པའི་མདའ་མོ་ཞིག་ཏུ་བཏང་ཡོད་ལ
ལྕགས་ཀྱི་ལྗིད་ཤུགས་དང
སྡུག་གི་སྲ་མཁྲེགས་ལྟ་བུའི་མཚན་མོ་འདི་གཅོད་པའི
རལ་གྲི་ཞིག་ཏུ་ཡང་རྡུང་ཡོད
ཀྱེ བདག་གི་བརྩེ་བ་རེ་རེས་གྲུབ་པའི་ཕུ་ནུ་ཚོ
སྙིང་ན་མེ་ལྟར་འབར་བའི་ཅི་ཞིག
ཁྲག་དང བདེན་པའི་གསེབ་ན
མིག་ཆུ་བཞིན་འཚེར་བའི་ཅི་ཞིག འཚོལ་ཏུ་འགྲོ་ཨང
༢
སུ་ཞིག་གི་སྐྱོ་གཞས་ལས་ཀྱང་འདར་གྱིན་པའི་བརྩེ་བ་ཞིག
གཉེར་རིས་ལྟར རྒས་དྲག་པའི་ལམ་ཆུང་འདིར་འཐིམ་ནས
ཡུན་རིང་འགོར་ལ
ཡང རང་གི་མིག་ཆུས་ཅི་ལྟར་བཀྲུས་ཀྱང
དག་པར་དཀའ་བའི
མཚན་མོ་འདིའི་ནག་ཉེས་དང་དམར་གསོད་ཀྱི་འཇིགས་པ་དེ་བསམ་ན
རླུང་བུ་ཕྲ་མོ་རེས་ཀྱང སྤྱིར་ནའང
ནད་ཡམས་དང་སྡུག་བསྔལ་གྱིས་འཚང་ཁ་བྱེད་པའི་བྲང་ཁོག་ཏུ
རྣོ་ལྕགས་ཀྱང་བཞུ་ཐུབ་པའི་ཁྲག་ཐིགས་སྦར་བྱེད་ལ
ཧ་ཅང་སྐྱོ་གདུང་གིས་འཐོར་གྱིན་པའི
ཆར་བ་སམ་སིམ་རེ་རེའི གསེབ་ནས་ཀྱང
ཤི་མི་ཐུབ་པའི་སྲོག་གི་ཐ་སྙད་རེ་རེ་ལྗིད་ཏིག་གེར་མྱོང་ཐུབ
འདི་ལྟར དུས་ཀྱིས་བཞག་པའི་རྨ་ཁ་ལྟ་བུའི
གསོན་ཤུགས་ཀྱི་འོད་སྣང་རྟ་རྔ་ཙམ་ཡང་མེད་པའི
མཚན་མོ་འདི་ནས
ངས ཉམ་ཆུང་བའི་རང་ལ
མཆི་མའི་སྟེང་གི་ཚེ་སྲོག་ཆུ་ཐིགས་འདྲ་ཞིག་ཡོད་པར
དགའ་ནས དུས་ཀྱི་ཆག་འཇིག་གི་གཡང་གཟར་ཁར་འགྱིང་བའི
གངས་རི་ཟེར་བའི་འདར་སིག་སིག་གི
སྙན་ངག་ཅིག་བྲང་ཁའི་མེ་ལྕེས་བསྒྲོན་གྱིན་ཡོད་ལ
སྐྱོ་ནས ས་སྟོང་ལུང་སྟོང་གི
བེམ་པོའི་ཚོགས་ལའང་རང་གི་རྐང་རུས་བཅག་འདྲའི་ཨག་རིང་གིས
འབོད་ཀྱིན་ཡོད
༣
བདག་གི་སྙིང་ཀ་ནས་སྐྱེས་པའི
ལྕགས་ཀྱི་སྡོང་བོ་ལྟ་བུའི་མཚན་མོ་འདི
གསེར་གྱི་ལོ་མ་ལྟ་བུའི་ཚེ་སྲོག་རེ་རེ
ནག་ཐིང་ངེར
ཕྱིར་ཡོང་མེད་པའི་སྐྱོ་ངལ་གྱི་གང་ཞིག་ལ་འཐིམ་རྗེས་ཀྱི
རོ་དང
འཁྱག་པ་འདར་འདར་གྱི་མཚན་མོ་འདི་རེད
མཚན་མོ་འདིར སེམས་དང
བརྩེ་བ་སྦྲེལ་བྱེད་ཀྱི་དབུས་ལམ་ཡང
བདེན་པའི་ཡིག་འབྲུ་ཡོད་ཚད
དུས་ཀྱི་རླུང་ནག་གིས་ཁུར་རྗེས་ཀྱི་གས་ཀ་མང་བའི་རྡོ་རིང་ཞིག
ངས མིག་ཆུ་ཡིན་པའི་རང་གི་བྲང་ཁ་འདི་སྲུང་ནས
ད་དུང ལྕགས་དང་རྡོ་ཡི་མཚན་མོ་ཅི་འདྲ་ཞིག
ཁེར་རྐྱང་གི་གྲི་ཁ་ནས་བསྐྱལ་དགོས
ངས སྟོང་འདང་དང
རྨི་ལམ་གྱི་རྨ་ཁ་རེ་རེས་གྲུབ་པའི་རང་ཉིད་འདི
རེ་སྒུག་ཅིག་དང་འདྲ་བའི ཅང་མེད་ལྷིང་འཇགས་ཀྱི
ཕྱོགས་བཞིའི་ཁ་ནང་དུ་ཅི་ལྟར་ཏུ་གདུག་དགོས
༤
ལོ་རྒྱུས་ཀྱི་རྨ་ཁ་ནས
མཚན་མོ་དང ཁྲག་དྲོན་འབབ་ནས་ཡུན་རིང་འགོར་ལ
འདར་ལྕུག་ལྕུག་གི་སྐད་ཆ་མང་བོས
བདག་གི་མགྲིན་པ་བསྡམས་ནས་ཀྱང་ཡུན་རིང་འགོར
ཀྱེ བདག་གི་སྲོག་དང
བརྩེ་བའི་མེ་ལྕེ་འབར་བྱེད་ཀྱི
ཐ་སྙད་དང་འདྲ་བའི སྤུན་ཟླ་ཚོ
ངེད་ཅག་གིས རང་གི་རྩ་ལམ་ལས་ཀྱང
གསོན་ཤུགས་འབར་བྱེད་ཀྱི་དབུས་ལམ་འདི་དེད་ནས
ས་གཞིའི་བརྩེ་བ་འཁྱིལ་སའི་དབྱངས་ཀྱི
མཚོ་མོ་དེ་དང
བྲང་ཁའི་ཐ་སྙད་གསོག་སའི
གསལ་བྱེད་ཀྱི་གངས་རི་འདར་ལྕུག་ལྕུག་དེ་འཚོལ་དགོས
མིག་ཆུ་བཞིན་སྐྱོ་བའི ཚེ་སྲོག་ཡོད་ཚད་ཀྱི
རྒྱབ་ཀྱི་ཁུར་བོ་ལྗིད་མོ་དེའང་འཚོལ་དགོས
ངའི སྲོག་དང
བརྩེ་བའི་མེ་ལྕེ་འབར་བྱེད་ཀྱི
ཐ་སྙད་དང་འདྲ་བའི སྤུན་ཟླ་ཚོ
༥
སྤྲང་བོའི་ལག་ནང་གི་སྟོང་བ་ལྟ་བུའི
མཚན་མོ་འདིའི ཕྲག་གོང་ནས་བུད་དང
ངེད་ཅག་གིས རང་ཉིད་གཅེར་བུར་བསྒྲོན་པའི
ཁྲག་གི་ཉི་འོད་དེ
སེམས་ཀྱི་རི་སྒང་རེ་རེ་ནས
སྙིང་ཉེ་བའི རྨ་ཁ་རེ་རེའི
སྡུག་བསྔལ་ལས་ཀྱང་
འཁྱག་པའི་གྲང་བ་གསོ་ཕྱིར་ཏུ་སྦར་དགོས
བདག་གི སྐྱོ་ངལ་གྱི་ཕུ་ནུ
གཉིད་དང་ནད་ཡམས་ཀྱིས་བཟུང་བའི་སྤུན་ཟླ
ཁྱོད་ཀྱིས རང་གི་ལག་མཐིལ་ནས་འབོར་གྱིན་པའི
རང་ཉིད་དེ་རྙེད་དམ
རྩོམ་ཁུངས། ངེད་དྲ་བ།