བོར་ཟིན་པའི་ང་།
གློ་བུར་བའི་ཉི་མ་ཞིག་ལ
ལག་ཁྱེར་ཁ་པར་དུ་བརྡ་རྟགས་ཅི་ཡང་མི་སྣང་བས་ན
འབྲི་ཤོག་སྟེང་གི་ཡི་གེ་རྣམས་ཀྱང་གར་བོར་ཆ་མེད་དུ་ཡལ་སོང
གཡུ་ཡི་རྣ་ལུང་དང་བྱུ་རུའི་སྐེ་རྒྱན་རྣམས་ཐང་ལ་འཐོར་རྗེས
རྐང་མགོའི་ལྷམ་འབོབ་ཀྱང་ས་ནང་དུ་འཐིམ་མགོ་བརྩམས
རིམ་བཞིན ངའི་ཀླད་པ་སྟོང་བ་ཉིད་དུ་གྱུར་ལ
ལུས་པོ་བཞུར་ནས་མཁའ་དབུགས་དང་དབྱེར་མེད་དུ་འདྲེས
ངས་ང་རང་ཅི་ནུས་ཀྱི་བཙལ་ཡང་མ་རྙེད་པས
བོར་ཟིན་པའི་ངས ལག་པ་གཉིས
མེ་ཏོག་སེར་ཆེན་རྐང་གཅིག་ལ་འཇུས་ནས
ནམ་ཞིག་ང་བཙལ་མཁན་གྱི་ར་མདའ་རྣམས
དབྱར་དྲུག་པའི་སྤང་ཐང་སྔོན་མོ་བརྒྱུད་དེ
རྩྭ་ཐང་འདིར་སླེབས་པར་རེ་སྒུག་གི་དྲི་བསུང་གཏོར་བཞིན་ཡོད
རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག