སྙན་ངག་པ།
སྙག་ངག་པ མི་ཡུལ་གྱི་རླབས་ཆེ་བའི་སྐྱོ་གདུང་འཁུར་ནས
ཁྱེད་རང་གང་དུ་བགྲོད རྒྱང་རིང་ན་རི་རབ་མཐོན་པོའི་རྩེ་མོ
མཁའ་མཐའ་ན ས་ཆེན་གྱི་གདོང་འབག་བཀྲུ་བྱེད སྤྲིན་པ
ད་དུང་མཚོ་གཏིང་ནའང གྱ་གྱུའི་ལམ་ཕྲན་དང་སྲོག་ཆགས་ཀྱི་སྐད་རིགས་ཡོད
སྙན་ངག་པ ཁྱེད་གང་ལ་བགྲོད
དབུ་སྐྲ་རིང་བོས་རླུང་ཁ་ན་སུ་ཞིག་གི་ཉམ་ང་དང
བདེན་ལུགས གཞས་ཆུང་ལྟར་དབྱངས་ལ་གྱེར
སྙན་ངག་པ ཁྱེད་ཀྱི་རྒྱབ་གཟུགས་ལ་འཁོར་བའི
བྲག་ཆའི་མཚོ་མོའི་འཇིངས་སུ ཚུལ་འཆོས་དང་མངོན་ལྐོག
འདོད་ཡོན་དང་ཁྱིམ་གཞིས་མེད་པའི་སྡོམ་ཚིག་སྐྱེས
སྙན་ངག་པ ཡོད་ཚད་བདེན་ནམ
ཁྱེད་ཀྱིས་འཇིག་རྟེན་གཞན་ཞིག་གི་དྲོད་སྣང་འཚོལ་ལམ
ཁྱེད་ཀྱིས་རྟོག་ལྗོངས་གཞན་ཞིག་གི་རི་ཁྱིམ་དང་ས་ཞིང་འདེབས་སམ
ལྭ་རྐྱང་སྲབ་མོ་ཞིག་ལས་མེད་པས གངས་འདབས་ན་གྲང་རླུང་ཡོད
སྙན་ངག་པ ཁྱེད་ཀྱིས་འཇིག་རྟེན་གཞན་ཞིག་གི་སྒོ་འཕར་དང
སྒོ་འཕར་དེ་རླུང་གིས་སྐྱོམས་པའི་ངང་ཚུལ་མཐོང་བྱུང་ངམ
ཡོད་ཚད་བསྐྱུར་ཏེ་འདི་ལྟར་བཞུད་དོན་ཅི སྙན་ངག་པ
སྙན་ངག་པ ཁྱེད་ནི་ཉི་མའི་བུ་ཆུང་རེད
སྙན་ངག་པ ཁྱེད་ནི་ཟླ་བའི་གདུང་གྲོགས་རེད
སྙན་ངག་པ ཁྱེད་ནི་སྐྱ་རེངས་ཀྱི་ཕོ་ཉ་རེད
སྙན་ངག་པ ཉིན་བྱེད་ཀྱི་འོད་སྣང་དེ་ལྟར་འཐུ་དོན་ཅི
ཆར་ཟིམ་གྱི་ངོ་བོ་དེ་ལྟར་རུམ་དོན་ཅི
གངས་ཆབ་ཀྱི་ཉིང་བཅུད་དེ་ལྟར་བསྣམས་དོན་ཅི
ཁྱེད་རང་མུན་ནག་གི་སྙིང་ཁམས་ནས་འགྲེང་རྒྱུ་ཡིན་ནམ
ཁྱེད་ཀྱིས་སྐྱ་ཐིང་ཐིང་གི་སྤང་གཞུང་ལྟེབས་རྒྱུ་ཡིན་ནམ
ཁྱེད་རང་བྱེ་ཐང་གི་སྐོམ་གདུང་ལ་འཛུལ་རྒྱུ་ཡིན་ནམ
སྙན་ངག་པ ཁྱེད་ཀྱིས་དེ་ལྟ་བུའི་རི་རབ་དང་ས་ཆེན
ད་དུང སྨྲེ་ངག་གི་འཇིག་རྟེན་ཧྲིལ་བོ་འདི་ཐེག་གམ
སྙན་ངག་པ ཁྱེད་ནི་གངས་རི་དང་མཉམ་དུ་སྐྱེས་སྟོབས་འབར་ཞིང
ཁྱེད་ནི་རྨ་འབྲུ་ཟུང་གི་བཞུར་རྒྱུན་གྱི་ཉིང་བཅུད་རེད
སྙན་ངག་པ འདབ་ཆགས་ལྗང་ཁུ་དེའི་གཤོག་རྡེབ་ཀྱིས
ཁྱེད་ལ རི་ཐང་དང་དུས་ཚིགས་ཀྱི་དབྱེ་བ་མེད་པར
མཛེས་སྡུག་གི་མེ་ཏོག་དང་མེ་ཏོག་གི་གང་བུ་མང་པོ་བཀྲམ
སྙན་ངག་པ སྨིག་སྤྲིན་གྱི་འདུ་འགོད་དང
སྨག་རུམ་གྱི་ལྐོག་གཡོའི་གསང་གཏམ་ཐན་ཐུན
མི་ཡུལ་ནས་ཟད་དུས་ཤིག་ལ ཁྱོད་རང་ཕྱིར་ཕེབས་སམ
སྙན་ངག་པ ཐང་ཆད་རྒྱུ་མེད་པའི་གངས་འདབ་ཀྱི་ཡུལ་གྱར་བ
ཁྱོད་ལ་ན་ཚོད་ལས་བརྒལ་བའི་སྨྲ་ར་སྐྱེས་བཞིན་འདུག
རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།