བརྩེ་བའི་ཞིང་བཀོད།

ཁུ་བྱུག་སྔོན་མོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-08

སྙིང་ཉེ་བའི་བུ་མོ་ཞིག་ལ།
ཆར་བ།
ཕྱི་རོལ་ན་ཆར་བ་ཤག་ཤག་འབབ་ཀྱིན་འདུག
ཆར་བས་ཡོད་ཚད་ནེམ་པར་བྱས་པ་བཞིན།
ཁྱོད་ཀྱི་མིག་ཆུས་ང་ཡི་སེམས་པ་བརླན་པར་བྱས་སོང༌།

རྩྭ་དང་ཤིང་གི་སྟེང་དུ་ཆགས་པའི་ཟིལ་བ་རེ་རེ།
ཁྱོད་ཀྱི་མིག་ཆུ་རྡོག་པོ་རེ་ཡིན་ན།
ང་ནི་རླུང་གིས་གཡོས་པའི་རྩི་ཤིང་ཁེར་སྐྱེས་ཤིག་ཡིན་པས།
ཟིལ་བ་ཉི་འོད་ཀྱིས་མ་བསྐམས་པའི་སྔ་རོལ་ཏུ།
ཁྱོད་མྱུར་དུ་ངའི་སེམས་ཁོང་དུ་འཛུལ་ཤོག

འོ།   ནམ་མཁའི་མིག་ཆུ་ནི་ཆར་བ་རེད།
ཆར་བ་ལྟ་བུའི་ཁྱོད་ཀྱི་མིག་ཆུའི་རྒྱབ་ལྗོངས་ནི།
སྔོ་ཞིང་དྭངས་པའི་ནམ་མཁའ་ཞིག་ཡིན་ན།
དེ་ནི་སྤྲིན་དཀར་དང་འཇའ་ཚོན་གྱིས་སྒེག་པའི་ནམ་མཁའ་ཞིག་ཡིན་ངེས།
ཆར་བ་ཡང་ནས་ཡང་དུ་འབབ་པ་བཞིན།
ཁྱོད་ལ་མིག་ཆུ་མང་བའང་ངས་སྔར་ནས་ཤེས་ཡོད།
མིག་ཆུ་མང་བའི་བུ་མོ་ཁྱོད།  ནམ་ཡང༌།
ནམ་མཁའ་བཞིན་བརྟན་ཚུགས་པར་གྱིས་དང༌།
ཁངས་ཆར་འབབ་པའམ་གྲང་རླུང་ལྡང་བ་སོགས་ཅི་ཡིན་ཀྱང༌།
ས་གཞི་ལྟར་ངས་ཡོད་ཚད་དང་དུ་བླངས་ཆོག
          འཇའ་ཚོན།
ཆར་བ་ཟིམ་ཟིམ་ཞིག་བབས་པའི་རྗེས་སུ།
སྤྲིན་རུམ་ནས་མངོན་ཆུང་གིས་ལྟ་བའི་ཉི་ཟེར་དང་འགྲོགས་ཏེ།
འཇའ་ཚོན་གྱིས་རང་ཉིད་ཀྱི་བཞིན་མདངས་གསལ་ལེར་མངོན་འོང༌།

སྣང་ཚུལ་དེ།  བུ་མོ་ཁྱོད་ཀྱིས་འཛུམ་མདངས་མངོན་པ་དང་འདྲ་ལ།
འགྱུར་སླ་བའི་འཛུམ་མདངས་དེའི་ནང་རོལ་ན།
བསླུ་བྲིད་ཅིག་ཀྱང༌།   ཁ་རོག་གེར་སྦས་ནས་ཡོད་ཨང༌།

དོན་དངོས་སུ།  འཇའ་ཚོན་ནི་མིག་ལ་ཧ་ཅང་མཛེས་ཀྱང༌།
ལག་པས་གཏན་ནས་རེག་མི་ཐུབ་པའི་དངོས་པོ་ཞིག་སྟེ།
འཇའ་ཚོན་གྱི་རྗེས་སུ་ཇི་ལྟར་བརྒྱུགས་ཀྱང༌།
དེ་ལྟར་དུ་རྒྱང་ནས་རྒྱང་དུ་བཀྱེད་ནས་བུད་འགྲོ།

བུ་མོ་ལགས།   འཇའ་ཚོན་ནི་ཁྱོད་ཉིད་ཡིན་ན།
ང་ནི་ང་རང་མ་ཡིན་པར།
ཁྱོད་འཆར་སའི་རྟག་བརྟན་གྱི་ནམ་མཁའ་ཡིན་པར་རློམ་ཡོད།

ནམ་རྒྱུན།  ཆར་བ་ཟིམ་ཟིམ་ཞིག་འབབ་ཐེངས་རེ་རེར།
ངས་འཇའ་ཚོན་ཞིག་ཤར་འོང་ན་སྙམ་ཞིང༌།
འཇའ་ཚོན་གྱི་གནམ་སྐས་སྟེང་ནས།
ཁྱོད་དང་ལག་རྡང་སྦྲེལ་ཏེ་འཆམ་འཆམ་དུ་སོང་ན་འདོད།
            སྤྲིན་པ།
སྤྲིན་པ་ཕར་ནས་ཕར་ལ་ཇི་ལྟར་བཞུད་ཀྱང༌།
མཁའ་མཐར་བསླེབས་པ་མེད་པ་བཞིན།
ང་ཡང་བུ་མོ་ཁྱོད་ཀྱི་མཛེས་སྡུག་དང་འབྲལ་ག་ལ་ཐུབ།

ནམ་རྒྱུན།   སྤྲིན་པའི་རྒྱུ་ཕྱོགས་ཤིག་ལ་བལྟས་དུས།
མཚམས་རེར་ཡིད་སེམས་བློང་བློང་བོར་གྱུར་འགྲོ།
དེ་ནི་ཁྱོད་ཀྱི་བཞིན་ལ་སྐྱོ་ཉམས་མངོན་པ་དང་འདྲ་བར།
གནམ་ངོ་གློ་བུར་རུབ་པས་རེད།

སྤྲིན་དཀར་གྱི་ཕུང་བོ་ཞིག
ད་ནངས་སྔ་དྲོར་ང་ཡོད་སའི་རི་གྲོང་བསྙེགས་ནས་འོང་གིན་འདུག
ཡིན་ནའང༌།  གློ་བུར་བའི་རླུང་འཚུབ་ཅིག་གིས་ཕར་ལ་བདས་སོང༌།
བོ་མོ་ལགས།  ཁྱོད་ནི་གར་འགྲོ་ངེས་ངེད་ཀྱི་ལམ་འགྲོ་བ་ཞིག་ཡིན་ནམ།

ནུབ་ཁའི་མཚམས་སྤྲིན་ནི་ཁྱོད་ཀྱི་ལག་བརྡ་དང་འདྲ་བར།
ཡུན་ཐུང་ཞིག་ལ་ག་ལེར་མངོན་རྗེས།
སྨག་ནག་པའི་མཚན་མོ་ཁ་རོག་གེར་བསླེབས་བྱུང༌།

སྐབས་དེར།  ང་ཡང་སྨག་ནག་པའི་མཚན་མོ་བཞིན།
སྨྲ་བ་མེད་པར་ཁ་རོག་གེར་འདུག་དུས།
མུན་པ་ནི་མ་གཞི་ནས་བུ་མོ་ཁྱོད་དང་འདྲ་བར།
ང་ལ་སྡུག་བསྔལ་ཡང་ཡང་བྱིན།
               ཁ་བ།
ཁ་བ་ལྷབ་ལྷབ་ངང་བབས་པའི་ཉིན་དེ་ནས་བཟུང༌།
ནམ་ཟླ་གློ་བུར་ཇེ་འཁྱག་ཏུ་གྱུར་སོང༌།
ང་བུ་མོ་ཁྱོད་དང་བྲལ་རྗེས་ཀྱི་སེམས་ཁམས་བཞིན།

ཉིན་དེ་ནས་བཟུང༌།   ལྷགས་རླུང་གི་རྒྱུ་བ་ཇེ་དྲག་ཏུ་སོང་ནའང༌།
ས་རྡུལ་གྱི་འདུ་ལོང་ཡོངས་སུ་འཇགས་སོང༌།
འོ།  ལྷགས་རླུང་ལྡང་དོན་ནི་དྲན་གདུང་ཞིག་འཕེལ་པས་མ་ཡིན་ནམ།
ས་རྡུལ་འཇགས་པ་ཡང་སྟོང་བསམ་ཞིག་ཉམས་པས་མ་ཡིན་ནམ།
དེ་རིང་ཡང་སྔར་དང་འདྲ་བར།
ཁ་བ་ལེབ་མོ་ལྷབ་ལྷབ་ངང་འབབ་པའི་ཁྲོད་ན།
བྱིས་པ་ཚོས་ཁ་བའི་བུ་མོ་ཞིག་བཟོ་བཞིན་འདུག
ངས་དེ་ནི་ཁྱོད་ཡིན་པར་རྟོག་བཟོ་བྱེད་ཀྱིན།
ཁ་བའི་བུ་ཆུང་ཞིག་ཀྱང་ལས་དགོས་བྱུང༌།

སྙིང་ཉེ་བའི་བུ་མོ་ལགས།
ཁྱོད་ཀྱི་རྨི་ལམ་ནི་དྭངས་གཙང་གི་ཁ་བ་ཞིག་ཡིན་ནམ།
ཁ་བ་དེ་ནི་འདབ་མ་དྲུག་དང་ལྡན་པ་ཞིག་ཡིན་ནམ།

ཁ་བ་འབབ་ཀྱིན་འབབ་ཀྱིན།
ཁོར་ཡུག་ཐམས་ཅད་དཀར་སོབ་བེར་གཡོགས་རྗེས།
སྣང་བ་ཞིག་ལ།   ཁ་བའི་ངོས་ན།
རྐང་རྗེས་ཆ་གཉིས་རྒྱང་དུ་འཐེན་འདུག་པ་་མངོན་བྱུང༌།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བའི་ཞིང་བཀོད།

2010-06-08 ཁུ་བྱུག་སྔོན་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།