ཕྱི་ཚུལ།
ཁོ་མོ། རྒྱ་མཚོ་ཞིག་གི་ཕ་རོལ་ན་བག་ལ་ཉལ།
ཁོ་བོར། ཆུ་ཕྲན་ཞིག་གི་ཀུ་ཅོས་སུན་སྣང་སྐྱེལ།
ཁོ་དང་ཁོ་མོ། ད་དུང་གཟིགས་མོ་བ།
ཚང་མ་རང་གནས་སུ་སྨྲ་ལྕེ་དྲག་ཏུ་འབར་བས།
ཚུལ་འཆོས་ཀྱི་བཞིན་མདངས་ཀྱང་འགྱུར།
སྦས་སྐུང་གི་དུང་སོ་ཡང་ཐོར།
ཁོ་དང་ཁོ་མོ། ད་དུང་བྱིས་པ་དག
ཧ་ཅང་དགོད་སྤྲོ་བའི་གནས་སུ་ལྷུང༌།
མཚོ་གྲུ་ཆུང་ཆུང་དེས་ཁོ་མོར་ཆུ་ཆེན་གྱི་མངའ་ཐང་གླེང༌།
ཆུ་ཕྲན་གྱ་གྱུ་ཡིས་ཁོ་བོར་བརྩེ་དུང་གི་མཆེད་རྒྱུན་ལབ།
ཁོ་དང་ཁོ་མོ། ད་དུང་རང་བྱུང་གི་ཡུལ་ལྗོངས་འདི།
ཚང་མས་རང་གནས་སུ་དབྱར་དགུན་སྟོན་དཔྱིད་ལ་ཉན་བཞིན།
ཐོབ་ཤོར་ལ་ངོས་ཟིན་ཉུང་ཞིང༌།
སྐྱ་རེངས་ལ་དུང་ཞེན་དབུལ།
ཁོ་དང་ཁོ་མོ། ད་དུང་མདུན་ཕྱོགས་ཀྱི་ལམ་བུ་དེ།
ཧ་ཅང་རིང་ཡང་རིང་ལ། ཐུང་ཡང་ཐུང༌།
༢༠༠༢ལོའི་ཟླ༩པའི་ཚེས༢ལ་རྨ་ཆུ་ནས།
རྩོམ་ཁུངས། རྨ་ཆུའི་སྙན་ངག