འཁྱོལ་བར་དཀའ་བའི་མཚན་མོ །
སྟོང་འཇགས་ཀྱི་མཚན་མོ་དེར
འཇམ་ཐང་ངེར་ལུས་པའི་ཁང་མིག་ཆུང་ཆུང་འདིར
ཐ་མག་ལ་བསམ་གཞིགས་བཅོལ་བའི་མི་སེམས་གྲངས་མེད་ཅིག
ཟླ་བ་གཞོན་ནུའི་འགྱུར་ཁུག་གི་ཀློང་ན་འཇགས་ཤིང་འཕྱུར
ཤེལ་ཀོང་དུ་འཁྱིལ་བའི་ཝུ་རག་ལ་དྲང་གཏམ་བསྙོན་ཚེ
བཞུད་ཟིན་པའི་མིག་ཟུང་ད་དུང་ཤེལ་ཀོང་དུ་ལྷག་གེར་བཞད
ཆག་གྲུམ་ཤོར་བའི་གཏམ་རྒྱུད་ཐར་ཐོར
ཨ་རག་དགའ་མས་ཡང་བསྐྱར་སེམས་ཁོངས་སུ་བསྒྲིགས
དུངས་ཞེན་གྱི་བརྩེ་བས་མི་འབྲལ་དམ་དུ་བཅིངས་ཤིང
དགའ་སྡུག་ཡུག་ཏུ་འབྲེལ་བའི་འཚོ་བ་ལ་གཏན་དུ་ཆགས
བཀྲ་མི་ཤིས་པ་ཞིག་གི་བརྗོད་དོན་སྟེང་ནས་ང་ཚོས་ཅི་བྱེད
སྟོང་བསམ་གྱི་ལོ་དང་ཟླ་བ
བརྗོད་དཀའ་བའི་གསང་བ་ཇི་སྙེད
ད་ལྟ་ཀློག་བཞིན་པའི་འདོད་གཏམ་སྣ་ཚོགས
སྐྱུག་བྲོ་བའི་གླེགས་བམ་གྲངས་མེད་ཅིག་བརྩམས་ཟིན
ཚོགས་བསགས་ཀྱི་ལྕི་ཡང་སྙོམས་པའི་ཕ་རོལ་ན
ལས་འབྲས་ལ་རེ་སྒུག་བགྱིད་པའི་ཚུར་རོལ་ན
གསར་རྙིང་གི་འཐབ་རྩོད་དེས
ཟང་ཟིང་གི་ཡུལ་ཁམས་ཤིག་དཀྲིགས་ཤིང་བསྣུབས
རྩོམ་ཁུངས། རྨ་ཆུའི་སྙན་ངག