འགུལ་བཞིན་པའི་གངས་རི།
ཁྱོད་རང་ས་ཆེན་གྱི་སྟེང་དུ་འབྱོར་ཕྱུག་གི་ལྗོན་པ་ཡིན་པའི་ཚེ་ན
ཁྱོད་རང་སྐྱེ་འགྲོའི་སེམས་ཁོང་ན་བརླན་ཞིང་གཤེར་བའི་དུས་སུ
ཁྱོད་རང་སྒང་གི་ལྟེ་བར་སྣུམ་བཅུད་ཀྱི་སྐྱེད་ཚལ་དུ་འཁོད་སྐབས
ཁྱོད་ཀྱི་མེ་ཏོག་གི་རྟོགས་བརྗོད་ཀྱང་འོད་དུ་འཚེར
མིའི་རིགས་ཀྱི་རྨི་ལམ་དང
མཚོ་ཆེན་པོའི་སྟོང་བསམ་འཇགས་ཐབས་བྲལ་ནའང
ཁྱོད་རང་ཁྱོད་ལ་ཐོབ་པའི་ཆོ་ལོ་དང
མཐོ་ནས་མཐོ་རུ་བརྩེགས་པའི་ང་རྒྱལ་གྱི་བཙན་རྫོང་དབུས
ཇི་སྲིད་དུ་ནག་ནོར་བསྒོ་མ་མྱོང་བའི་ཁྱེའུ་ལྟར
རང་ཉིད་ཀྱི་མཛེས་སྡུག་དང་རྨི་ལམ་ལ་རོལ་དྲགས་པས
སང་ཉིན་གྱི་ཉི་ཤར་དང་ཉི་ནུབ་ལ་བསམ་བློ་བཏང་མ་མྱོང
ནམ་མཁའ་ཇི་འདྲའི་གཡའ་དག་པའི་དབང་ད་བཏང་རུང
གློ་བུར་གློ་བུར་དུ
རླུང་ཆེན་ཆར་དྲག་བརྡོལ་ངེས་པའི་ཆོས་ཉིད་སེམས་སུ་ཤར་རྒྱུ་ན
དབྱར་ཀ་ཇི་འདྲའི་མཛེས་པའི་དབང་དུ་བཏང་རུང
ག་ལེར་ག་ལེར
ཁ་འཁྱག་གཏིང་འཁྱག་གི་དགུན་ཟླ་བསླེབ་འོང་བ་ཡིད་ལ་འཁོར་རྒྱུ་ན
ཁྱོད་ཀྱིས་རང་གི་གླེགས་བམ་ལས་མཐུག་པའི་ཁ་སང་ལ་དོ་སྣང་བྱས་ཆོག
ཁྱོད་ཀྱིས་རང་གཤིས་ལ་དེ་བས་དཔའ་ངར་བྱུགས་ཆོག
དུས་ཚོད་ཀྱི་འཕུར་སྐྱོད་གློག་བཞིན་ལམ་ལམ་འཁྱུག་ནའང
ཁྱོད་རང་ས་སྲོད་ཀྱི་ཉམས་དམས་ལྟར
འཇིག་ཅིང་འགྱེལ་བའི་སྐད་ཅིག་མར
ཡང་བསྐྱར་འཇིག་བསྐྱར་སྤྲ་མིའི་དུས་ཚིགས་ལ་ཕྱི་ནུར་བགྱིས་པ
བདག་གི་འཕར་ལྡིང་བྱེད་ཀྱིན་པའི་སྙིང་གིས་བཟོད་ཐབས་བྲལ
ཁྱོད་ཀྱི་སྐོམ་གདུང་གི་མིད་པ་འགགས་པའི་དུས་ཚིགས་རེ་རེར
ཁྱོད་ཀྱི་གཉོམ་དྲགས་པའི་བླ་སྲོག་གི་ཁྲག་རྩ་འགུལ་ཐེངས་རེ་རེར
རྒད་པོ་ཚོས“སྙིང་རྗེ——སྙིང་རྗེ”འོ་རེ་བྱེད་ཅིང
གྲྭ་བ་ཚོས་དབུགས་སྒང་ལྟ་བུའི་སྤོབས་པ་ཁྱེར་ཏེ་ཁྱོད་རང་སྐྱོབ་པར་རྩོམ
ཁྱོད་ཀྱི་རྐང་འོག་ནས་ཆུ་བཞིན་བཞུར་བའི་དཀའ་ཚེགས་ཡོད་ཚད
ཚེ་རབས་ནས་ཚེ་རབས་ལ་བརྒྱུད་པའི་སྦྱོང་བརྡར་ཡིན
ཁྱོད་ཀྱི་མགོ་ཐོག་ནས་སྨུག་པ་ལྟར་སངས་པའི་མུན་ནག་གི་འཐབ་རྩོད་མཐའ་དག
སང་ཉིན་ནས་སང་ཉིན་དུ་བསྲིང་པའི་མ་འོངས་པའི་ཉམས་མྱོང་ཡིན
ཁྱོད་ཀྱི་སྐྱོ་ངལ་གྱི་དབུགས་ཁ་ལྷེམ་ལྷེམ་དང་རྔུལ་ཆུ་ཁྲོམ་ཁྲོམ་སྒོས
རང་ལུས་གསོན་ཤུགས་དྲུད་ནས་ཕྱིར་འོང་བའི་ལོ་རབས་དེ
ཁྱོད་ཐག་རིང་ཐག་རིང་ལ་འགྲོ་བར་རྩོམ་པའི་ཐོག་མའི་རྟ་ཚིགས་ཡིན
དེ་ལྟ་ནའང ཆེས་ཐོག་མའི་འགྲུལ་བཞུད་ནི་ཇི་འདྲའི་བློས་ཐུབ་དང
ཇི་འདྲའི་ཡིད་དུ་འོང་བ་ལ་ཨང
སྨོན་ལམ་ཁྲི་ཕྲག་འཁུར་བའི་ཚེ་སྲོག་གི་དཔུང་ཁག་རིང་མོ
གཞོམ་གཞིག་བྲལ་བའི་དཔའ་ངར་ཞིག་གིས་སྡོམ་གྱིན་སྡོམ་གྱིན
རང་ཉིན་རང་གིས་མདུན་ནས་མདུན་དུ་འཁྲིད་པར་བྱེད
གཞུང་དྲང་གི་གྲོགས་པོ སྙིང་ཉེ་བའི་སྤུན་ཟླ བྱམས་ལྡན་གྱི་མ་ཡུམ་དག་ཡ
ལམ་ཆེན་གྱི་སྟེང་དུ་ང་ཚོ་ནམ་ཡང་མི་འབྲལ་བར་གྱིས
སྙིང་ཁ་ཆོས་ཀྱི་འཁོར་ལོ་ན
དམ་པོར་བཅིངས་བའི་ཡིད་ཆེས་དང་ཕྱི་ཐག་མི་ལྷོད་པར་འཚལ
བསིལ་འཇམ་འོད་སྟོང་འཁུར་བའི་དཔྱིད་ཀ་དལ་མོར་བསླེབས་བྱུང
ང་ཚོས་དཔྱིད་ཀའི་དཔལ་ཡོན་ཁྲོད་གོམ་མཚམས་རེ་ནས་འཇོག་མི་སྲིད་ལ
ཅི་ཞིག་འཚོལ་བར་བྲེལ་བའི་རྡོག་སྒྲ་ནམ་ཡང་ཐག་ཐག་བྱེད
འཇིག་རྟེན་གྱི་སྐྱེ་འགྲོ་མཐའ་དག་བདེ་སྐྱིད་ལ་རོལ་དུས
ང་འཚོའི་ལག་ཟུང་ཡང་རང་དབང་གི་སྲོག་རྟ་ལ་འཁྱུད་དུ་འཇུག་རོགས
ང་ཚོའི་མགོ་དང་གཉེན་ནི་རང་ཉིད་དེ
འཇིག་རྟེན་གྱི་བདེན་པ་དང་ཞི་བདེ་ཡང་ང་ཚོའི་ཡིན
ལམ་ལ་ཆས་པའི་གྲོགས་པོ་ཚོ་གཡའ་དག་པའི་ཕུགས་བསམ་ལྡན་མཁན་ཡིན
ལམ་ལ་ཆས་པའི་སྤུན་ཟླ་ཚོ་རྣོ་ཞིང་དབལ་བའི་སྤོབས་པ་ལྡན་མཁན་ཡིན
ཨཱ སོས་དལ་གྱི་གཟའ་ཉི་མར
བདག་གི་རུས་མཐུན་ཚོས་བློ་ཁོག་དང་སེམས་རྒྱ་ཆེས་ཆེར་བསྐྱེད་དེ
འཚོ་བའི་བདེ་སྐྱིད་ཀྱི་ཆེད་དུ་ངལ་རྩོལ་གྱི་ཁྲུས་ལ་ཞུགས་བྱུང
རྫས་འགྱུར་གྱིས་ས་རྒོད་ཀྱི་ཞལ་རས་ལ་སྣུམ་ཚོན་བྱུགས་དུས
ང་ཚོས་རང་ཉིད་འཚོལ་ཞིང་བཙལ་བའི་ངང་ཚུལ་དེ་ཇི་འདྲའི་རྔམ་བརྗིད་ལྡན་ཨང
མེ་ཏོག་ཚོམ་བུ་ཚོམ་བུ་ལྟ་བུའི་བུ་ཆུང་ཁྲི་ཕྲག
ཕྱོགས་གང་རུང་ནས་ཕུགས་བསམ་གྱི་སིལ་སྙན་འཁྲོལ་ཞིང་འོང
སྤང་ལྗོངས་ལ་སུ་ཞིག་གིས་སྟོབས་ཤུགས་བསྩལ་བྱུང
བདག་གི་ཕ་ཡུལ་གྱི་སྙིང་ཉེ་བའི་མི་རྣམས་ཡ
ང་ཚོའི་མདུན་ལྗོངས་ནི་ཇི་འདྲའི་ཁོད་ཡངས་ཨང
འདི་ནི་རྨི་ལམ་རྗེས་ཀྱི་མངོན་སུམ་ཡིན
འཇིག་རྟེན་གྱི་ཟུར་ཞིག་ན
ཚན་རིག་གིས་ང་ཚོར་ཉན་ནས་ངལ་གསོ་བརྒྱབ་ཡོད
རྒྱ་ཆེན་མང་ཚོགས་ལ་འཆད་ཆོག་པའི་གཏམ་རྒྱུད་ནི
རང་དབང་གི་བདེ་སྐྱིད་ཡིན་ན
ཕ་ས་ཕ་ཡུལ་གྱི་མི་དག་རེ་སྒུག་ཆེ་ས་དངོས་ཡོད་འཚོ་བ་ཡིན
ང་ཚོར་སུན་སྣང་མེད་ལ་སྟོང་བསམ་མེད
ང་ཚོ་ང་ཚོའི་ཆེད་དུ་རི་སྒུལ་སྒུལ་དང་མཚོ་སྐྱོམ་སྐྱོམ་བྱེད་པར་མོས
ཁེར་རྐྱང་གི་སྦྲ་ནག་ས་སྒང་གི་ཟེ་བ་ནས་འགུལ་ཙམ་བྱས
ངའི་རུས་མཐུན་ཚོས་ཚེ་སྲོག་དང་བློ་གྲོས་ཀྱི་དཔལ་འབར་བསྣམས་ནས
བླུན་རྨོངས་ལྟ་བུའི་ཕོ་བྲང་གི་ས་རྡུལ་སྙན་ངག་གིས་ཕྱེས
ས་སྲོད་ཅིག་དཀའ་ཁག་གིས་ཕར་བསྐྱལ་རྗེས
ཞོགས་པ་ནི་ང་ཚོའི་འདོད་བློ་དང་འཚམས་པའི་དུས་སྟོན་ངོ་མ་ཡིན
༢༠༠༡。༦。༧
རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག༣