གཞོན་ནུ་མ་ཞིག་ལ་ཕུལ་བ།
༡
གཏམ་རྒྱུད་ཀྱང་ལྗོན་ཤིང་གི་ཡལ་གའི་གྱ་གྱུ་ཞིག་མ་ཡིན་ནམ
ཁྱོད་དང་འཕྲད་པའི་དུས་ཚོད་འཕྱིས་དྲགས་སོང
༢
ཡང་ན་དེ་རིང་གི་ནམ་མཁའ་སྔོན་པོའི་ངོས་སུ
ཆར་རླུང་གིས་དལ་བ་དལ་བུར་རྒོལ་བཞིན་པ
མེ་ཏོག་སད་ཀྱིས་བཅོམ་ཟིན་པའི་བུ་མོ་ཞིག་གིས་ཚོར་མྱོང་མེད་པ་འདྲ
༣
འགྲོ་འདུག་གི་བར་ནས་རང་དབང་མེད་པར་འཛུམ་རེ་སྟོན་ཞོར
ཁྱོད་ལ་སུ་དང་གང་གིས་བདག་པོ་རྒྱག་པར་སེམས་ཁྲལ་ཆེའམ
༤
ཁ་ཁུ་སིམ་པོའི་དབེན་འཇགས་ཀྱི་གྲུ་ཁ་ཞིག་ནས
ངས་ཁྱོད་དང་འདྲ་བའི་བུ་མོ་ཁ་ཤས་ཀྱིས་དཀྲོལ་བའི་རོལ་དབྱངས་ལ་ཉན
༥
གཞོན་ཤ་དོད་པའི་ལང་ཚོར་སྐྱོ་སྡུག་གི་རྒས་གཉེར་འདྲ་བ་ཞིག་ཆགས
ཁྱོད་ཀྱང་ཞོགས་པའི་ཉི་གཞོན་ལ་བསུ་མ་ཞུ་མཁན་ཡིན་ན་ཅི་མ་རུང
༦
བརྩེ་དུང་ལ་ཕམ་ཉེས་བྱུང་བས་ཡིན་ནམ
དེ་སྔོན་གྱི་དགའ་སྤྲོའི་མེ་ཏོག་གི་འདབ་མ་རེ་རེ་ས་ལ་ཐོར་ཞིང་ལྷུང་གིན་འདུག
རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།