ཅི་ཞིག་བརྗེད་སོང་བ་ཡིན་ནམ།
མཚན་མོ་སླེབས་དུས
མཐའ་འཁོར་གྱི་མུན་པ་ཤིན་ཏུ་སྟུག
བདག སྐབས་འདི་ནས་བཟུང
འཇམ་མོག་མོག་གིས་སྡོད་མི་འདོད་པས
སྒྲོན་མེ་སྦར་ཏེ སླར་ཡང་གཟིམས་རྗེས
ཕྱི་རོལ་ཏུ་འཁྱམས
རླུང་ལྡང་བྱུང
ཕྱི་རོལ་གྱི་ནམ་ཟླ་ཇི་འདྲའི་འཁྱག
བདག སྐབས་འདི་ལ་ཡང
གྲང་ཤུར་ཤུར་ངང་སྡོད་མི་འདོད་པས
འདང་རེ་བརྒྱབ་སྟེ འདི་ལྟར
སླར་ཡང་ཁ་ཕྱིར་འཁོར་ཏེ་ཁྱིམ་དུ་ལོག
མི་མངོན་པའི་གནས་སུ།
སྤྲིན་གྱི་ཕུང་བོ་དག་རིམ་གྱིས་ཐོར་དུས
དེ་རིང་གི་ནམ་མཁའ་སྔོ་ཞིང་དྭངས
སྔོ་བསངས་ཀྱི་ནམ་མཁའི་ངོས་སུ
བྱེའུ་ཆུང་ཞིག་གིས་བདེ་ལྕག་འཁྱུག་པོས་གཤོག་འགྱུར་རྩེན
ཡུན་ཙམ་གྱི་རྗེས་སུ
ནགས་ཚལ་གྱི་ལྗོན་པ་དུ་མ་ཤིག་ཤིག་གཡོ
ཆར་བ་ཡང་རྒྱུན་ཆད་མེད་པར་སིམ་སིམ་འབབ
ཕ་གིའི་རི་དང་རྩྭ་ཆུ་དེ་དག་ལས
མི་མངོན་པའི་གནས་སུ་ད་དུང་གཞན་ཅི་ཞིག་ཡོད་དམ
སྐབས་འདི་ལ
ངའི་སྒེའུ་ཁུང་སླར་ཡང་རླུང་གིས་ཕྱེས
ཁྱོད་ཀྱི་གོམ་སྒྲ་སྙན་མོ
ད་དུང་ཡང་ཆེས་ཟབ་པའི་ལྐོག་གྱུར་གྱི་དབྱངས་འགྲོས་ཤིག
རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།