རྒྱ་སྟག་གི་འཇབ་རྒོལ།
ཕྱི་ཡི་སྤུ་ཁ་འཇམ
རི་མོའི་ཐིག་མཛེས་ཤིང་ལྟ་ན་སྡུག
སྐྱི་གཡའ་བའི་ནགས་ཚལ་སྟུག་པོའི་ནང་རིམ་ནས
ཁྲག་དམར་གྱིས་བྱུགས་པའི་སྡེར་མོ་དང་མཉམ་པོར
མཆེ་བ་དག་དཀར་སེང་ངེར་ཕྱིར་ཕྱུང་སྟེ
བཀྲེས་སྐོམ་གྱིས་མནར་བའི་ངར་སྐད་ཐེངས་ཤིག་སྒྲོག་དུས
ཐག་རིང་གི་རི་རབ་དང་གཙང་པོ་ཡང་གཡོ་ཙམ་གཡོ་ཙམ
ཁ་ཆར་བུ་ཡུག་གི་འབབ་རྒྱུན་མཚམས་ཆད་མ་མྱོང་བའི
ལོ་ངོ་མང་པོའི་རིང་གི་རྩྭ་ཡན་གྱིས་ཁྱབ་པའི་བྲག་སྐྱིབས་སུ་ཉལ་བའི
གྲོགས་མེད་ཁེར་རྐྱང་གི་རྒྱ་སྟག་འདི
གཅན་གཟན་གཞན་ལས་གཏུམ་དྲག་དང་གདུག་རྩུབ་ཆེ་བ
ཁྱོད་ཀྱིས་ཚོར་མྱོང་ཡོད་དམ
ཆུ་དང་སྤང་གི་མཚམས་སུ་རང་དབང་གི་རྩེད་འཇོར་རོལ་དུས
བསམ་ཡིད་ལས་འདས་པའི་འཇབ་རྒོལ་ཐེངས་ཤིག་གིས
རི་དྭགས་དགོ་བ་དང་གཙོད་ཁྱུ་དག་སིལ་བུར་གཏོར
དེའི་ནང་གི་ནར་སོན་བཞིན་པའི་གཙོད་ཕྲུག་དམར་ཆུང་ཁ་ཤས
ཚམ་ཚོམ་མེད་པར་གཡང་གཟར་གྱི་བྲག་ལ་མཆོངས
ང་རང་ཡང་འགྲོ་དང་གོམ་ལག་གཉོམ་པའི་ཤྭ་བ་ཡུ་མོ་ཆུང་ཆུང་ཞིག་ཡིན
འཆི་བདག་གི་རལ་གྲིའི་འོག་ཏུ།
སྡུག་བསྔལ་དང་ནད་ཡམས་ཀྱིས་མཐའ་ནས་བསྐོར་དུས
རང་ཉིད་སྐྱོབ་པའི་སྐྱབས་མགོན་ཞིག་ལ
ཇི་འདྲའི་སྒུག་ཡོད་པ ཁྱོད་ལ་གསལ
ལམ་ཕྲན་འདིའི་སྣེ་མོར་འགྲེང་ཚེ
གཤིན་རྗེའུཧ་འབོད་སྒྲ་ལས་ལྷག་པའི
ན་ཟུག་འཇིགས་སྐྲག་གི་ཚོར་བ་མང་པོ
ལུས་ཀྱི་ཤ་ཁྲག་གི་རུས་རྐང་ཐམས་ཅད་ལ་ཁྱབ་ནས
ཡུན་རིང་ཕྱིན་པ ཁྱོད་ལ་གསལ
མ་གཞི་གློ་གཅོང་གི་ནད་དེ་གཤེད་མ་རིགས་ཤིག
ཁྲོ་ཉམས་དང་གདུག་རྩུབ་ཀྱི་རྣམ་པས
ཆུ་སྲིན་གྱིས་ཁ་གདངས་པ་ཇི་བཞིན
རང་གི་ཉེ་ས་ནས་ཉེ་སར་བཅར་བཞིན་པ ཁྱོད་ལ་གསལ
མི་ཚེ་བྱེ་ཐང་ནས་རྒྱང་རིང་དུ་བསྐྱོད་ཀྱིན་བསྐྱོད་ཀྱིན
ཁྱོད་རང་དྲན་པའི་སྐོམ་པ་ཆེ་རུ་ཕྱིན
ཁ་ཕྱིར་འཁོར་ནས་ཞིབ་ཏུ་ལྟ་དུས
རྐང་རྗེས་ཀྱི་རི་མོ་གྱ་གྱུར་འཐེན
ཁྱོད་ཀྱི་མིག་མདུན་ནས
ངའི་ཚེ་སྲོག་གི་ཆུ་ཐིགས་རེ་རེ་འཛར་བཞིན་འདུག
ཀྭ་ཡེ བརྩེ་དུང་གི་བདག་མོ
སྟོང་བའི་ཁམས་ཆེན་པོ་འདི་ནས
ང་ལ་སྐྱེལ་མ་མཛོད་ཅིག
གལ་ཏེ་ཁྱོད་རང་མ་ཡུམ་ཞིག་ཡིན་པའི་དབང་དུ་བཏང་ན
བྱམས་དང་བརྩེ་བ་གཞན་ལས་ཆེ་སྲིད
༢༠༠༡ལོའི་ཟླ༡པོའི་ཚེས༢༧ཉིན་ལ།
རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།