ང་ཚོས་ཀྱང་འདི་ལྟར་གཏན་ཚུགས་གདབ་དགོས །
དུས་ཚོད་འདས་སོང ལོ་ཟླ་དང་ཉིན་ཞག་འདས་སོང
འཇའ་ཚོན་གྱི་སྐ་རགས་དེ ལུས་སེམས་གཅུན་པའི་ཆིངས་ཐག་འདྲ
འཚོ་བའི་གླིང་ན མེ་ཏོག་མེད་ལ མེ་ཏོག་གི་སྙིང་ན་འཛུམ་པའི
ཆུ་ཐིགས་དེའང ས་ལ་ཟགས་སོང
དབྱར་གཞུང་འདི གང་ལ་བཞུད་སོང
མུ་ཏིག་བརྡལ་འདྲའི་གཡུ་སྦྲང་ཚོ གང་ལ་བཞུད་སོང
ཤ་ཁྲག་ཟད་པའི་ཕ་ཡུལ ཁྱོད་གང་ལ་བཞུད་སོང
བགྲེས་སོང་ཚོས་སྒམ་བརླིང་གི་གྱེས་ཕྱག་དེ
སྲོད་ལ་བཞག་སོང
གཞོན་པ་ཚོས་མཚར་སྡུག་གི་ཀི་བསོ་ཡང་སྲོད་ལ་བཞག་སོང
ས་སྲོད་དུ མི་སྐད་རྒྱག་པའི་གྲིབ་མ་རླུང་ལ་འདྲེས་ཤིང
རླུང་གིས་བསྐྱོན་པའི་ལོ་མ་ནག་པོ ཆར་བཞིན་འབབ་མགོ་ཚུགས
ས་སྲོད་ཀྱི་འཇིག་དངངས་དེ་བསམ་ན
མཚམས་མཚམས་སུ་ཁོང་འདར་བསླང་ཡོང
ས་སྲོད་ཀྱི་ཨུ་ཚུགས་དེ་དྲན་ན
ཚོད་ཚོད་ལ་དངན་པ་འཆོར་འགྲོ
ས་སྲོད་དུ ནས་འབྲུ་རྡོག་ཅིག་གི་ཞིང་ལ
ས་ཆེན་གྱི་བྲང་གཞུང་ལན་དགུར་སློག་མྱོང
ལམ་འགྲམ་གྱི་རྡེའུ་འབུམ་དེའི་གས་སྲུབ་ན
རླུང་གིས་བདས་ལ འཁྱག་པས་གཏར་བའི
དབུགས་ལྷེམ་ལྷེམ་གྱི་མིག་འབྲས་ག་ཙམ་ཡོད
གཉོམ་ཕྲ་བའི་འཚང་ཁ་དེའི་དབྱིངས་ན
ཉམ་ཐག་པའི་ཡི་ཆད་དེའི་གཤོང་ན
ནམ་མཁའ་འདི གང་ལ་བཞུད་སོང
དམ་ཚིག་བཏབ་པའི་སྐར་ཆེན་ཚོ གང་ལ་བཞུད་སོང
དོད་འཇམ་བརྒྱུས་པའི་ཉི་མ ཁྱོད་གང་ལ་བཞུད་སོང
བྱིས་པ་ཚོ་བཤའ་ཟོག་བཞིན་སློབ་གྲྭར་དེད་སོང
འགེལ་གཡག་དག་ཀྱང་སློབ་གྲྭ་བ་བཞིན་བཤས་རར་བསྐྱལ
མི་གཤིས་ཀྱི་དབང་རྩ་འབྲེག་ཉིན
འཚོ་བཞིས་ཀྱི་གཞི་རྐང་གཅོག་ཉིན
དབྱངས་གསལ་གཉིས་ཀྱི་ལྷུ་ཚིགས་གཏོར་ཉིན
འཇིག་སླ་བའི་ཟིང་ཟིང་གི་ཕ་ས་འདི་ནས
སྦྲ་ནག་ཡ ཁྱོད་གང་དུ་བཞུད་འགྲོ
ཕ་ཡུལ་ལགས ཁྱོད་ལ་བློས་ཐུབ་ཀྱི་ཤུལ་འཛིན་སུ་ཡོད
དཀར་ལྷང་ལྷང་གི་ཁྲོམ་ར་ན
ནག་ཏིག་ཏིག་གིས་སྲང་ཁ་ནོག་མཁན་ཚོ
དོན་དངོས་སུ རང་ཉིད་ཀྱི་ཕ་མ་གསོད་པའི་གཤེད་མ་ཡིན
རང་ཤ་དམར་རྗེན་དུ་ཟ་བའི་འདྲེ་སྲིན་ཡིན
བར་སྐབས་སུ་རྙེད་པའི དུས་ཚོད་ཀྱི་མདའ་རྩེར་དཔྱང་པའི་བདེ་གནས་དེ
ངན་སོང་གི་གནས་ཤ་སྟག་ཡིན
འཇིག་རྟེན་དྲང་བདེན་གྱི་ཞིང་ཡིན
ཕ་ཡུལ་རྒྱུ་འབྲས་ཀྱི་ཁམས་ཡིན
བདེན་རྐྱང་རྐྱང་གི་ལང་ཚོ་འདི ནམ་ཡང་མི་ནུབ་པར་གྱུར་ཅིག
སྐྱེས་ཆེན་ཚོས་འདི་ལྟར་བརྩེ་བ་གཏད་ཡོད
ལྷ་ཆེན་ཚོས་འདི་ལྟར་དམ་ཚིག་བསྒོས་ཡོད
ང་ཚོས་ཀྱང་འདི་ལྟར་གཏན་ཚིགས་གདབ་དགོས
རྩོམ་ཁུངས། རྨ་ཆུའི་སྙན་ངག