མཚམས་ལན་རེར།
ཞོགས་པ་སྔ་མོ་ནས་བཟུང
ངའི་ལག་མགོའི་ཆུ་ཚོད་རྒྱུན་མི་ཆད་པར་འཁོར་གྱིན་འདུག
གནས་ཚུལ་འདི་འདྲའི་འོག་ནས
ཁྱོད་ཀྱི་བསམ་ཡུལ་ལས་འདས་པའི
ཡ་མཚར་པའི་ལྐོགས་གྱུར་གྱི་ཆོ་འཕྲུལ་སྒྱུ་མའི་ཟློས་གར་ཞིག་ལ་བསམ་བློ་བཏང
དེའི་རྗེས་སུ་མི་འདོད་བཞིན་དུ་འཐབ་འཛིང་ཡང་ཅི་དགར་བརྒྱབ
ཅིས་ཀྱང་བརྗེད་མི་རུང་བ་ནི་རང་རང་གི་འདས་ཟིན་པ་སྟེ
དུར་ཐང་གི་མྱ་ངན་ཁྲོད་དུ་ཉལ་བའི་གཤིན་པོའི་དྭངས་གཙང་གི་རྣམ་ཤེས
རྣམ་ཤེས་དེས་ད་དུང་ཡང་སྔར་བཞིན
ཁྱོད་ཀྱིས་ཕྱིར་དུ་དབུགས་ཀྱི་རྒྱུ་བས་ཨུ་ཚུགས་ངང་རྒྱུན་བསྲིངས་འདུག
འཁྲུག་ཆ་དོད་པའིདུས་རབས་འདིའི་རུམ་དུ་འཛུལ་ཏེ
ཁྱོད་ཀྱིས་མཛེས་སྡུག་ལྡན་པའི་མོ་མཚར་བ་ཅི་ཞིག་མཐོང་བྱུང
མ་འོངས་པའི་ཆ་རྒྱུས་བྲལ་བའི་རོལ་རྩེད་དེ་དག་གམ
དེ་རིང་དང་ཁ་སང་གི་མེ་ལོང་སྟོང་བ་ཞིག་གི་ནང་དུ་འཆར་ཞིང་ཡན་པའི
ལོ་ན་གཞོན་པའི་ཁེར་རྐྱང་གི་ན་ཆུང་མ་ཞིག
ན་ཆུང་མ་དེའི་མིང་གཞན་ལ་རྙོག་མར་བསྲེས་པའི་ལོ་རྒྱུས་ཀྱང་ཟེར
འདིའི་སྐབས་སུ
ན་ཆུང་མ་དེ་གྲིབ་མའི་འོག་ནས་ཡོལ་བའི་རྒྱབ་ཏུ་བསྐུངས་ཡོད་ཕྱིར
ཁྱོད་རང་ཅི་ལྟར་ཉེ་བར་བཅར་ཡང་གསལ་བོར་མཐོང་ཐབས་བྲལ
དེ་ནི་ཡོད་ཚད་ཀྱི་ཡོད་ཚད་འཕྱིས་དྲགས་སོང་བ་ཡིན་ནམ
གང་ལྟར ངའི་ལག་མགོའི་ཆུ་ཚོད་རྒྱུན་མི་ཆད་པར་འཁོར་གྱིན་འདུག
༡༩༨ ༢ ༡༤ཉིན་ཆུ་སྔོན་ནས་བྲིས
རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།