ནུབ་ཕྱོགས་སུ་ཕྱེས་པའི་སྒེའུ་ཁུང༌།
ཕྱེས་ཟིན་པའི་སྒེའུ་ཁུང་ལས
འདབ་མ་དྲུག་ལྡན་གྱི་ཁ་བ མེ་ཏོག་གི་ཟོལ་དུ་ལྷུང
ཁོམ་མེད་ཁེར་རྐྱང་གི་མི་དེའི་མིག་ཟུང
སྒེའུ་ཁུང་ལས་རྒྱང་ལ་བཞུད་ནས་ཡུན་རིང་འགོར
དེ་ནི་འདི་ནས་རྒྱང་ཐག་གིས་ཆོད་དེ
ནུབ་ཕྱོགས་ཀྱི་རི་རབ་མཐོན་པོའི་ཕ་རོལ
ཆ་རྒྱུས་ཡེ་ནས་མེད་པའི་གནས་དེ
གནས་དེ་སུས་ཀྱང་མཐོང་འདོད་ཀྱི་འདུན་པ་དྲག
དེ་སྔོན་གྱི་ཞེན་ས་ཆགས་ཡུལ་ཚང་མ་བསྐྱུར་རྗེས
མིག་ཟུང་འདིས་གོམ་པ་སྤོ་བཞིན་སྤོ་བཞིན
གཏིང་ཟབ་པའི་སྒེའུ་ཁུང་གི་ཁ་གཏད་དུ་ཆས
ནགས་རྒྱ་རྫོང བྲག་དམར་པོ
ད་དུང་གཙང་བོ ཨ
ཕྱི་རོལ་གྱི་སྒྲ་དབྱངས་དང་རླུང་གི་གོམ་སྒྲ
བར་མེད་དུ་གཡོ་ཞིང་འཁྱུག་ལ
ཉི་གཞོན་གྱིས་གོག་ནུར་བྱེད་བཞིན ད་དུང
ངོ་མཚར་ལ་འགྲེལ་བཤད་ཁ་ཤས་འཚོལ་བས
དེ་ནི་ང་ཁོ་ནར་དབང་བའི་འཇིག་རྟེན་གྱི་དཀར་ངོགས་ཤིག
མིག་ཟུང་ཕྱིར་ལོག་བྱུང
རེ་སྒུག་གི་མེ་ལྕེ་མཆེད་པའི་སེམས་པ
ཁུ་སིམ་མེར མིག་དང་སེམས་པས་རྒྱང་ཐག་ཆོད་པ་འདྲ་ཡང
དབྱིབས་དང་ཁ་དོག་ཅི་ཡང་སྟོང
སྤྱིར་ན སྒེའུ་ཁུང་ཕྱེས་རྗེས
ངས་ཡོད་ཚད་ཀྱི་ཡོད་ཚད་མཐོང་འོས
རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།