དབུས་ལམ་ནས་སྒྲོལ་མ་དྲན་ཚུལ།
གྲམ་གཞུང་དང་ལ་མོ་བརྒལ་ཏེ་གནས་འདིར་བསླེབས་དུས
གདང་ལ་རི་བོའི་འཁྱག་རླུང་གིས་ཡང་ཡང་བརྡར་ཞིང
རྡོ་བའི་ལོ་རྒྱུས་སུ་སིམ་པའི་སྲ་མཁྲེགས་ཀྱི་རྨི་ལམ
རྒྱ་མཚོ་ལྟར་དྲག་ཏུ་གཡོ་ཞིང་ལྷོད་ཀྱིས་བསྐྱོམས
གནམ་གྲུའི་ཡང་ཟོར་གྱིས་གངས་རིའི་སྐྲ་ལོ་འབྲེག་ཅིང
དུས་ཚོད་ཀྱི་མདའ་རྩེས་བདག་གི་སྙིང་ཆུང་བརྡུང
སེང་རས་ལྟར་ཡང་ལ་ཤོག་བུ་ལས་འཇམ་པའི་ང་རང
མུ་ནས་མུ་རུ་བསྲིང་ཆོག་པའི་ཕྱི་མིག་ཅིག་ལ་འཇུས་ཡོད
མཚན་མོ་འདིར་ཁ་བ་ཇི་ལྟར་བབས་ཀྱང་
ངས་དབུས་ལམ་ཕྲ་མོ་སྔར་བཞིན་གཏོང་མི་སྲིད
ཉི་མ་དམར་པོའི་དཀྱིལ་འཁོར་ཇི་འདྲའི་ཚ་ལ
ས་གཞི་སེར་པོའི་ལྗང་ལོ་ཇི་འདྲའི་གཉོམ་ཨང
མིག་ཤེལ་ནག་པོའི་ཁ་དོག་ལ་འབྱར་བའི་ཕ་ཡུལ
དེ་ན་གནས་པའི་སེམས་ཀྱི་སྒྲོལ་མ
ཆེས་མཐའ་མའི་སྙན་ངག་གི་བརྗོད་བྱ་ཅི་ལ་མིན
བརྩེ་དུང་གི་ལེའུ་ཆར་ཆུས་འཇིག་གིན་འདུག
འཚོ་བ་ཞེས་པའི་ཆང་རག་དེའང་མི་སྣང་བར་གྱུར
ད་ལྟ་ང་ལ་ལྷག་པའི་ཚེ་ནོམ་ལྟ་བུ་དེ
ཆགས་སྡང་གི་ཕུང་བོ་སྤུངས་པའི་གསང་འཕྲིན་ཡུག་ཅིག
སྦྲུལ་བཞིན་འཁྱུག་པའི་ལྕགས་ལམ་འདིའི་སྣེ་ན
རང་ཉིད་ཀྱིས་ལོངས་སྤྱོད་བྱེད་ཆོག་པ་ག་ཚོད་ཡོད
ཚངས་མགུར་ཡོད་དམ ་སྒྲོལ་མ་ཡོད་དམ
རྩོམ་ཁུངས། ༢༠༠༩ལོའི་འོད་འབར།