ཁྱོད་ཀྱིས་ང་རང་དྲན། ངས་སུ་ཞིག་དྲན་འོས།
གཟའ་སྤེན་པའི་མཚན་མོར་ཁྱོད་ཀྱིས་གློ་བུར་དུ་ང་རང་དྲན
ངས་ཅི་ནས་ཀྱང་ཁྱོད་རང་དྲན་ཐབས་མ་བྱུང སྐབས་ལ་ལར
ངས་འཇིག་རྟེན་གྱི་ཕྱི་ནང་ཡོད་ཚད་ལ་བསམ་བློ་གཏོང་བཞིན་ཡོད
ངས་རི་རབ་ཀྱི་དབུ་འཕང་ཡོད་དགུ་ལ་རྒྱང་བལྟ་བྱེད་བཞིན་ཡོད
ངས་འདས་སོང་བའི་སྤྲང་བོ་གང་ཞིག་ཡིད་ནས་སྒོམ་གྱིན
ས་གཞི་འདིའི་ཕང་བར་གཉིད་ཟིན་པའི བུ་ཕྲུག་ཚོ
ཡང་ཡང་དྲན་བཞིན དྲན་པའི་ཕྱི་རོལ་ཏུ
ལོ་ཟླའི་གྲུ་ཟུར་ནས་གཏན་དུ་བོར་ཟིན་པའི
ས་ཆེན་གྱི་རྨ་ཁ་དང་མ་འོངས་པའི་ཚ་བོ་དག
ཡིད་ཀྱིས་མྱངས་ནས་སེམས་ཀྱིས་སྒྲིག་གིན་ཡོད
མཚམས་ལན་རེར ང་གཉིད་ཟིན་པའི་བྱིས་པ་ནང་བཞིན
ལོ་ཟླའི་ཧྲག་བར་ནས་རང་ཉིད་དང་རིང་དུ་གྱེས་པའི
རང་ཉིད་ཀྱི་བསམ་བློའི་ནང་རོལ་ན་འཚོ་བཞིན་ཡོད
ང་ལ་སེམས་པ་ཕྱེས་ཤིང སེམས་པའི་སྒོ་ར་བསྒྲིགས་ཟིན་པའི
དུས་གསུམ་གྱི་ལམ་པ་ཚོ་ལགས ས་ཆེན་གྱི་རྨ་ཁ་ཁྱོད་ཀྱིས་ཕྱེས་ཆོག་ལ
རྨ་ཁའི་ནང་རོལ་གྱི་བཞུད་ལམ་རིང་མོའི་དཀའ་སྡུག་ཀྱང
ཁྱོད་ཀྱིས་སེལ་ཆོག་ཆོག་གི་དུས་སྐབས་གང་རུང་ལ
ཁྱོད་ཀྱིས་ཤེས་མེད་ཚོར་མེད་དུ
ཁོ་བོའི་བྲང་གཞུང་ལ་ཁད་ཀྱིས་ནག་ནོག་གི་རོལ་དབྱངས་འབྲི་བཞིན
ཉམ་ཐག་པའི་མི་ཚོ་བསྐྱུར་ནས་སོང
ཀྱེ ཐག་རིང་ཐག་རིང་ནས་ང་རང་དྲན་ཡང་མ་དྲན
ང་དྲན་ཚེ་ཕ་ཡུལ་གྱི་ལྗོན་ཤིང་སྐམ་འགྲོ་ལ
ང་དྲན་ཚེ ལོ་ཟླ་འདིའི་ཆུ་རྒྱུན་ཆད་འགྲོ
ད་དུང ང་དྲན་ཚེ་ཁོར་ཡུག་གི་མི་ཚོགས་འདི་ཚོ
ཉེན་ཟོན་དང་བྲལ་ནས་ས་གཞི་འདིའི་ཕང་བར་གཉིད་འགྲོ
ལོ་དུས་འདི་འདྲ་ལ ང་རང་དྲན་མཁན་ཚོ་ལོ་ཟླ་འདིའི་ལྷག་མར་གྱུར་ནས་ཡོད་ལ
ལོ་དུས་འདི་འདྲ་ལ ང་རང་གླེང་མཁན་ཚོ་སྙིང་ཉེ་བའི་ཨ་མ་འཚོལ་མཁན་ཡིན
ཨ་མ་དྲན་ཚེ་ཁྱོད་ཀྱིས་ང་རང་དྲན་སྲིད་ཅིང
ང་རང་དྲན་ཚེ་ཁྱོད་ཀྱིས་ཅི་ཡང་བསམ་མི་སྲིད
ཁྱོད་ཀྱིས་བཤད་ན་རླུང་ནང་དུ་ང་རང་ཧ་ཅང་དྲན་སླ་ཟེར
ང་ཡི་སྣང་ངོར་མེ་ནང་ནས་ཁྱོད་རང་ཧ་ཅང་འཚོལ་དཀའ
དྲང་མོར་བཤད་ན་སྤུ་གྲི་ལྟ་བུའི་ལ་ཁ་འཚོལ་ཞོར
མེ་རི་ལྟ་བུའི་བཞུད་ལམ་སྙེག་མཁན་ང་གཅིག་པུ་ཡིན
ལོ་འདི་ཚོར་ང་ཚོར་ཧམ་སེམས་དང་འགུལ་བསྐྱོད་འཐོར་གྱིན་འདུག
མིག་ཆུ་དང་རྔུལ་ཆུ་སྐམ་བཞིན་འདུག
ཉམས་ཉེ་བའི་ལས་དབང་གི་གྲོང་ཚོ་མང་པོ་རྨང་ནས་འགྱེལ་རྗེས
མེས་པོ་ཚོའི་ཞལ་གདམས་ཁ་ཤས་བསྐྱོར་ནས མི་རབས་འདིས
དབྱར་དགུན་མེད་པའི་ལྗང་མདོག་གི་ཕ་ས་ཞིག་ནམ་ཡང་དྲན་བཞིན་འདུག
ལོ་འདི་ཚོར ང་ཚོའི་ཁོར་ཡུག་གི་རི་ཆུ་རྒས་ཏེ
སྐྱ་ཤུར་ཤུར་གྱི་གདོང་པགས་ཐལ་བཞིན་འདུག་ལ
གཉེན་ཉེ་དང་གྲོགས་པོ་ཚོའི་ཡོང་འབབ་སྡུག་ཏུ་ཕྱིན་ཏེ
རང་ཁྱིམ་གྱི་གོ་ར་ཡངས་པོའང་སྲུང་ཐུབ་ཀྱིན་མི་འདུག
དེས་ན་ཁྱོད་ཀྱང་ཐག་རིང་གི་ལ་མོ་བརྒལ་ཏེ
འུ་ཅག་ཐུན་མོང་གི་ཕ་ས་གྲུ་བཞི་བསྙེག་གིན་ཤོག་དང
འདས་པའི་རི་རབ་ཀྱི་ཁོང་གསེང་ཉུལ་བཞིན་ཤོག་དང
ངས་ནམ་ཡང་འུ་ཅག་ཐུན་མོང་གི་མཚེར་ས་བཟུང་ཡོད་ལགས
རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག