སྤྲུལ་བའི་ལྷ་མོ།
ཕྱིར་དྲན་གྱི་མགོ་བོ་འགྱོག་ཐེངས་མང་བོའི་ཁྲོད།
འཛུམ་མདངས་དང་ཁྲོ་གཉེར་ཁྱེར་བའི་སྤྲིན་པ་རྒྱང་དུ་ཕྱིན་ན་ཡང༌།
ཁྱོད་ནི་སྔར་བཞིན་གསང་གསུམ་གྱི་དབང་མོ་ཚེ་སྲོག་གི་བདག་མོ་སྟེ།
ཀུན་གྱི་མིག་མཐའ་ནས་བསྲིངས་ཏེ་ཐག་རིང་དུ་ཡལ་བའི།
སྨིག་རྒྱུའི་གྲོང་ཁྱེར་གྱི་སྤྲུལ་བའི་ལྷ་མོ་ནང་བཞིན།
རྨི་ལམ་གྱི་རྟོག་པ་ཁོ་ནས་འཚོ་ཞིང་གཞེས་པ་ལྟར་སྣང་ཡང༌།
ཁྱོད་ནི་སྔར་བཞིན་གསང་གསུམ་གྱི་དབང་མོ་ཚེ་སྲོག་གི་བདག་མོ་སྟེ།
ཁྱོད་ཀྱི་ས་བོན་ཐེབས་པའི་གཞོན་ནུ་མང་བོའི་གོམ་སྒྲ། ཡང་ན། ཁེར་གླུ།
སེམས་ཁོང་གི་དབྱངས་རྟ་མ་ལུས་བདག་གིས་ཉན་ནུས་ཏེ།
སྲབ་སྒྲོག་འཁུན་པའི་ཅང་ཤེས་རང་རྩལ་གྱིས་འདུར་ཞིང༌།
གཟེབ་དྲ་ལས་ཤོར་བའི་བྱ་སྐད་འགྱུར་ཁུགས་ཀྱིས་འཕྱོ་བ་ལས།
རི་གྲོང་ལ་ལུང་མང་བོའི་ཕ་རོལ་གྱི་སྤང་ཐང་ཡངས་མོ་ན།
མཛེས་སྡུག་བབ་ཆགས་ཀྱི་ལྷ་མོ་ཁྱོད་ཉིད་བཞུགས་པ་ངའི་སེམས་ན་གསལ་ཏེ།
ཁྱོད་ནི་ནམ་ཡང་གསང་གསུམ་གྱི་དབང་མོ་ཚེ་སྲོག་གི་བདག་མོ་ལགས།
ཐེ་ཚོམ་གྱི་དྲི་ཚིག་ཅིག་ལ་སོམ་ཉིའི་ཨ་ལན་སྟེར་བཞིན།
ཁྱར་ཁྱོར་གོམ་པའི་འགྲོས་ཀྱིས་རྒྱལ་ཁམས་མྱུལ་བའི་སྐབས་ཤིག་ནས་བཟུང༌།
ཁོ་བོ་མཚམས་སྤྲིན་གྱི་མཛེས་སྡུག་ལ་ཡིད་ཆེས་བྲལ་ཞིང༌།
བྱེ་ཐང་གི་གདུག་རྩུབ་ལ་སྐྱོ་བ་སྤངས་ཤིང་སྦྱོང་བརྡར་བརྒྱུད་ནས།
སྙིང་རྗེ་འཆང་མཁན་ལ་སྡང་མིག་བགྲད་བཞིན།
རེ་བ་ནི་སྔར་བཞིན་ནམ་མཁའ་ནས་རི་རབ་པང་དུ་ལེན་པའི།
གངས་ཀྱི་རི་རྩེ་ནས་བླངས་པའི་ཁ་བ་སྤར་མོ་གང་བོ།
ཞེ་སྡང་དང་རེ་སྨོན་འདྲེས་པའི་སེམས་ཁོང་དུ་བཞག་ནས།
མེས་རྒྱལ་བྱང་མཐར་འཚོ་བའི་སྟོབས་ལྡན་གྱི་མི་རིགས་ཤིག་དང་ལྷན་དུ།
གསང་གསུམ་གྱི་དབང་མོ་ཚེ་སྲོག་གི་བདག་མོ་ཁྱོད་ལ་མཆོད་ཅིང་བསྟོད།
ཉེས་པ་དང་ཕམ་ཁས་མནར་བའི་སེམས་པ་ཆུང་ཆུང༌།
སྨོན་འདུན་དང་རེ་བས་འཚོ་བའི་སེམས་པ་ཆུང་ཆུང༌།
བདག་གི་སེམས་པ་ཆུང་ཆུང༌། ཆུང་ཆུང་འདི་ཡང་ཁྱོད་ལ་བཅོལ་ན།
གསང་གསུམ་གྱི་བདེན་པ་དང་ཚེ་སྲོག་གི་སྐྱེས་སྟོབས་ཁྲོད་ནས།
གཟི་བརྗིད་དང་ང་རྒྱལ་ཅུང་ཙམ། ཅུང་ཙམ་རེ་གནང་རོགས།
རྩོམ་ཁུངས།