སྲོད་དུས་ཀྱི་དྲན་སྣང༌།
ས་རུབ་ཁར
ང་རང་མུ་མཐའ་མེད་པའི་ལོ་ཏོག་གི་རྦ་རླབས་སྣེ་ནས་འགྲེང་བསྡད
ཐག་རིང་གི་གྲོང་ཚོ་རེ་གཉིས་མུན་སྨག་ཁྲོད་ནག་རོག་གེར་སྣང་ལ
འདས་དོན་རེ་གཉིས་ཡང་རླུང་གིས་འཁུར་ནས་ཐག་རིང་དུ་སོང་ཤུལ་ནས
ཕུ་བོ་ལགས ངས་ཁྱོད་དྲན་པའི་གདུང་བ་རི་རབ་ཀྱིས་འདེགས་མ་ནུས་པས
རླུང་བུ་ཡིས་འཁུར་མ་ནུས ཆུ་མོ་ཡིས་འཁྱེར་མ་ནུས
ནམ་རྒྱུན་ས་རུབ་ཁར དགོང་ཟས་ཀྱི་རྗེས་སུ
ཁྱོད་རང་སྡེ་མཐའ་ཡི་གཡུལ་ཀའི་ཁར་འགྲེང་ནས
ལོ་ཏོག་དང་ཐག་རིང་གི་ཡུལ་ལྗོངས་ལ་རྒྱང་བལྟ་བྱེད་པར་མོས་ཤིང
སྣ་གླུ་ཐན་ཐུན་ཙམ་གྱི་དབྱངས་རྟ་སྐྱོར་བར་ཡང་དགའ
ས་རུབ་ཁར
དྲན་སྣང་རླུང་བུ་ཡི་རྟ་ཕོར་ཞོན་ནས་སེམས་ཀྱི་བྱང་ཐང་ན་བང་རྩལ་ངོམས
སྐར་མདའ་ཞིག་མེ་སྟག་བཞིན་མཆེད་ནས
བདག་གི་མགོ་ཐོག་ཏུ་ལྷུང བདག་གི་སེམས་གཏིང་དུ་ལྷུང
ཐག་རིང་གི་བར་དོའི་ཁམས་ནས ཕུ་བོ་ལགས
ཁྱོད་ཀྱི་ཕྱི་མིག་གི་སྒྱོགས་རྡོས་སུ་ཞིག་གི་སེམས་ཀྱི་བྲག་རྡོ་གཏོར་བྱུང
དོ་ནུབ ཁྱོད་ཀྱིས་འཕགས་པ་སྤྱན་རས་གཟིགས་གཅིག་པུ་སྙིང་ནས་སྒོམ་དང
བར་དོའི་ཁམས་ཀྱི་འཇིགས་སྐྲག་མཐའ་དག་ས་རྡུལ་བཞིན་དྭངས་འགྲོ
བར་དོའི་ཁམས་ཀྱི་ཞེན་ཆགས་མཐའ་དག་ས་རྡུལ་བཞིན་དྭངས་འགྲོ
སྲོད་དུས་འདིར
དྲན་སྣང་ནི་རྟ་བཞིན་ཞིག ཤོག་ཐོགས་ཤིག
བསིལ་རླུང་དང་འགྲོགས་ནས་གང་དགར་ལྡིང་སྐོར་རྒྱག་ལ
ལོ་ཏོག་གི་སྙེ་མ་ཁྲི་འབུམ་མང་པོའི་གསེབ་ནས
ཡིད་འོང་བའི་འདས་དོན་དང་ཐག་རིང་གི་སྟོན་ཁ་བསམ་འདུག
རྒྱང་རིང་གི་གྲོང་ཚོ་དང་རྡོ་ཡི་བུ་མོ་བསམ་འདུག
ད་དུང བྱམས་བྱམས་དུང་དུང་གི་བར་དོའི་ཁམས་ཀྱི
ཕུ་བོ་ཁྱོད་ཉིད་དང་འབྲེལ་བའི་གཏམ་རྒྱུད་ཡོད་ཚད་བསམ་འདུག
༢༠༠༢ལོའི་ཟླ༧པའི་ཚེས༨ཉིན་བྱ་མདོ་གདོང་རིང་དུ།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།