རྒོད་པོ་འཕུར་སོང༌།
རྒོད་པོ་འཕུར་སོང རྒོད་པོ་འདི་ལྟར
ཐག་རིང་ལ་འཕུར་སོང
རི་རབ་ཀྱི་བརྟན་བརླིང་དང་ང་རྒྱལ་ཁུར་ནས
རླུང་ངོགས་ཀྱི་གྲོང་ཚོ་རེ་རེ
མིག་གིས་བསྐྱུར་གྱིན བསྐྱུར་གྱིན
རྒོད་པོ་འདི་ལྟར ཕྱི་མིག་དང་ཉམ་ང་མེད་པར
ཐག་རིང་ཐག་རིང་གི
སྤྲིན་དཀར་གྱི་འདུ་ལོང་འཁྲིགས་པའི་མཁར་ནང་ལ་འཕུར་སོང
རྒོད་པོ་འཕུར་སོང རྒོད་པོ་འདི་ལྟར
ཐག་རིང་ལ་འཕུར་སོང
མཁའ་དབུགས་ངན་ངོན་གྱི་སྡིག་ཉེས་འདོར་བཞིན
མི་ཡུལ་གྱི་འཇིགས་སྣང་རེ་རེ
གཟུགས་མེད་ཀྱི་རླུང་ལ་བསྐུར་གྱིན བསྐུར་གྱིན
རྒོད་པོ་འདི་ལྟར ཆགས་སྲེད་དང་ཕྱི་འགྱོད་མེད་པར
རྒྱང་རིང་རྒྱང་རིང་གི
སུམ་ཅུ་རྩ་གསུམ་གྱི་ཉི་ཟླའི་འོད་ཁྱིམ་ལ་འཕུར་སོང
རྒོད་པོ་འཕུར་སོང རྒོད་པོ་འདི་ལྟར
འཕུར་ཟིན་པའི་དུས་ཚོད་ཀྱི་མཐའ་མར
ཡང་བསྐྱར རྒོད་པོ་གཞན་ཞིག་ཀྱང
ནམ་མཁར་ལྡིང་འོས
རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།