ངས་ཁྱེད་ལ།

ད་ལྟ   ངས་རང་ཉིད་ཁྱེད་ལ་དམར་མཆོད་བྱས་ཚར
ཁེར་རྐྱང་གི་སྦུབས་སུ    མི་མངོན་ལ་མི་གསལ་བའི
རྒྱབ་རིའི་ཉམ་ང་ཞིག་མག་མོག་ཡལ་གྱིན་པ་དེ་ནི
ངའི་ཉམ་ཆུང་གི་རྣམ་ཤེས་སྦྲང་མ་འདྲ་བོ་མ་ཡིན་ནམ
ཤ་ཁྲག་གི་འཚིག་རོའི་གསེང་ན་ད་དུང་དུང་ལྟར་དཀར་བ
ངའི་ལྷག་བསམ་གྱི་ཐ་སྙད་བརྐོ་སའི་བརླ་རྐང་མ་ཡིན་ནམ
བདུག་སྤོས་དང་མཁན་ཤུག   མཆོད་རྫས་ཅི་ཡང་མེད་ཀྱང
ངས་རང་ཉིད་མེ་ལྕེ་དམར་པོ་ཞིག་གི་རྩེ་མོར་བསྐྱོན་ཚར

ལྷིང་འཇགས་ཀྱི་རི་རབ་དང་ལྷིང་འཇགས་ཀྱི་ས་གཞི
ལྷབ་ལྷུབ་གཡོ་བའི་མེ་ལྕེ་ཅེར་ནས   ཁུ་སིམ་མེར

ད་ལྟ    ངས་འཁང་ར་མེད་པར  ལེ་བདའ་མེད་པར
རང་ཉིད་ཀྱི་དོན་སྣོད་དང་ཤ་ཁྲག   ད་དུང་བརྩེ་བ
ཡུན་རིང་བགད་མ་མྱོང་བའི་མཚན་མོ་ཁྱེད་ལ་བཞེངས་ཚར
ད་ལྟ   ངས་ཉིན་བྱེད་ཀྱི་བརྩེ་བ་བྲལ་བའི་མྱ་ངམ་ཐང་ན
ཁྱེད་ལ་ལོ་ལེགས་ཀྱི་སྟོན་ལྗོངས་ཤིག་སྨོན་འདུན་ཞུ་བཞིན་ཡོད
བྱ་གླག་གིས་གཤོག་འགྱུར་ངོམས་སའི་རང་དབང་གི་ནམ་མཁའ
ཆུ་སྐྱེས་ཀྱི་འདབ་ལོ་གྲོལ་བའི་མཚོ་ལྗང་དང་གཙང་ཆུ
ངས    ཁྱེད་དང་ལྷན་ཅིག་འཁྱམ་བསྐྱོད་མ་ནུས་པའི
རྨི་ལམ་གྱི་ཡུལ་ལྗོངས་མཐའ་དག  རང་སེམས་ལ་རྟོག་བཟོ་བྱས་ཚར

ད་ལྟ   ཁྱེད་རང་བདེ་འཇམ་གྱི་མལ་ཁྲིར་གློ་ཉལ་བྱས་ནས
རྒྱང་རིང་ན་ཁེར་རྐྱང་ངང་རྒས་ཀྱིན་པའི་མི་དེ་དྲན་དཀའ་ཨང
རང་ཉིད་ཀྱི་ཕྱིར་དུ    རང་ཉིད་ཀྱི་ཆང་དང་མཚན་མོའི་ཕྱིར་དུ
ད་ལྟ   ངས་སྙན་ངག་གི་རྨ་ཁར་སེན་འདྲད་བྱས་ཚར
ཁྲག་དམར་ཆལ་ཆིལ་བརྡོལ་བའི་རྨ་ཁ་འདིར་ལྟོས་དང
འདས་དུས་ཀྱི་ལོ་ཟླ་རེ་རེ  དུས་ཚོད་རེ་རེ   སྐར་ཆ་རེ་རེ
དལ་ཅག་གེར་ཡལ་གྱིན་པ་མཐོང་བྱུང་ངམ
ངས་རང་ཉིད་ཀྱི་སྒེའུ་ཁུང་ཆུང་ངུ་སྔར་བཞིན་ཁྱེད་ཀྱི་སར་བསྐོར་ཞིང
ཁྲུང་ཁྲུང་གི་གཤོག་རྡང་དང་ཆུ་འཛིན་གྱི་འཕུར་སྟངས་རེ་རེར
རྒྱང་རིང་ན་ཡོད་ཡོད་འདྲ་བའི་ལྷ་མོ་ཁྱེད་རང་སྒོམ་ཚར

དེ་ནི    ནམ་ཡང་རང་སེམས་ལ་མི་དབང་བའི་སེམས་འགྱུ་གཞན་ཞིག
ནམ་ཡང་ནུབ་ཕྱོགས་སུ་ཅེར་བའི་འདྲེན་བྱེད་ཀྱི་མཐོང་ལམ་གཞན་ཞིག
ད་ལྟ   གཞི་ནས་ཁ་ཕྱིར་འཁོར་ཏེ་རང་ཉིད་བསྐྱར་ཀློག་བྱེད་རན་དུས
ངའི་གར་སྟེགས་ཧྲིལ་བོ་ཚོན་མདངས་སྣ་གཅིག་གིས་གྲུབ་ཅིང
ལྐོག་གྱུར་གྱི་གླུ་ངག་ལ་ཡང་ཤུགས་བསྟན་གྱི་གདུང་བ་ཞིག་གོས་ཚར
རྒྱབ་ཡོལ་དཀར་པོའི་ངོས་སུ་རབ་རིབ་མངོན་འོང་བ་དེ་ནི
 གངས་དཀར་ཏི་སེའམ་མངའ་བདག་སུ་ཞིག་གི་བླ་མཁར་མ་ཡིན་ནམ

བླ་མཁར་སྟོང་བའི་ཉེ་རོལ་ན  ངའི་ལྷ་མོས་ཕ་ཡུལ་དྲན་གྱིན་ཡོད
ལྷ་མོ་གཞན་ཞིག་གིས་ཀྱང་ཕ་ཡུལ་དྲན་གྱིན་ཡོད
                                    ༢༠༠༥.༤. ༦

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱེད་ལ།

2010-08-08 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།