དྲན་པའི་རྒྱང་རིང་ནས། (ཞར་བཀོད་གསུམ་ཡོད)
དྲན་པའི་རྒྱང་རིང་ནས
སྤྲིན་དཀར་གྱི་འདབ་མ ལུག་ཁྱུ་ཇི་བཞིན
ཧ་ཅང་བག་ཡངས་ཀྱིས་འཕྱོ་ཞིང
རྫི་གླུ་དང་ན་ཆུང་མའི་ཟུར་མིག
ངའི་སེམས་ལ ལྷོད་ཀྱིས་ཕྱོགས་ཡོང
༼ངའི་ཡུ་མོ།༽
————བུ་མོ་སྙན་ངག་མཁན་ཞིག་ལ།
རྩྭ་ཆུ་འཛོམས་ས་ཞིག་ན ལྷོད་འཇམ་ངང
ངའི་ཡུ་མོས་མགོ་བོ་སྒུར་ནས་སྔོ་རྩྭ་ལྡག་གིན་ཡོད་ངེས
ནམ་རྒྱུན ཧམ་སེམས་ཀྱིས་ང་ལ་བསླུ་བྲིད་འདི་ལྟར་གཏོང
བསླུ་བྲིདའདི་ལྟར་བཏང་བས ཧ་ཅང་སེམས་ཆུང་ངང
ངས རྒྱང་བལྟ་བྱེད་དགོས་བྱུང
རི་མཐོ་ཞིང་ཆུ་གཙང་ས་ཞིག་ཏུ ངའི་ཡུ་མོའི་ཕྱོགས་སུ
༼དཔྱིད་ཀའི་ཁྲོད་དུ།༽
དཔྱིད་ཀའི་ཁྲོད་དུ ཟམ་ཟིམ་གྱིས་འབབ་པའི
དཔྱིད་ཆར་གྱིས ཁྱེད་ཀྱི་སྐྲ་ལི་བརླན་ཞིང
བདག་གི་སེམས་པ་བརླན དྲན་དྲན་པའི་ཁྱེད་རང
སྐད་བརྡས་མི་དཔོག་པའི་མཛེས་སྡུག་ཅི་ཞིག
རླུང་བུ་འཇམ་པོས་རྒྱང་རིང་ནས་ཁུར་འོངས་ཤིང
རླུང་བུ་འཇམ་པོས་རྒྱང་རིང་ལ་ཁུར་འགྲོ
༼འབྲོང་ཕྲུག ཡུལ་ལ་འགྲོ༽
ཨ་མ་དྲན་བྱུང་ངམ ཆེས་རྒྱང་རིང་གི
རྩྭ་ཐང་དང་ལུག་ཁྱུ རྫི་གཞས་སྙན་མོ་དྲན་བྱུང་ངམ
སྲིང་ཆུང་མས་དྲངས་པའི་འོ་ཇ་དྲན་བྱུང་ངམ
ཞི་འཇགས་ཀྱི་མཚན་མོ་དང་ཁེར་རྐྱང་གི་ཟླ་བ་དེ་དྲན་བྱུང་ངམ
དངུལ་དཀར་གྱི་མཛུབ་དཀྲིས་ཆ་གཅིག་དྲན་བྱུང་ངམ
ཡང་ན སྐྱུར་སིལ་སིལ་གྱི་ལ་གཞས་ཤིག་ལོངས་དང
༢༠༠༢. ༧.༣༠ཆུ་བཟང་ནས།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།