རོལ་དབྱངས་ཀྱི་རྨ་ཁ།
བདག་ཡིད་ཀྱི་རྟོག་འགྱུའི་ཁམས་དེར
མཉམ་སྒྲོག་རོལ་མོའི་དབྱངས་རྟ་དྭངས་མོ་འཁྱིལ
དབྱངས་རྟ་དྭངས་མས ཁྱོད་དང་ཁྱོད་ཀྱི་སེམས་པ་དག
འོད་གསལ་གྱི་ཞིང་ཁམས་ཤིག་ཏུ་ཁྲིད་ཟིན་པས
འགྲོ་འདོད་ས་ཞིག་ཏུ་སྔ་ས་ནས་ཐོན་ཟིན་པའི་བདེན་དཔང་ཁྱོད་ཀྱིས་བྱས་ཚར་འདུག
དེ་ནི་སྤྱིར་བཏང་གི་རྨི་ལམ་མ་ཡིན་པར
ཉི་མའི་དཀར་ངོགས་ཀྱི་རྨི་ལམ་དམིགས་བསལ་ཅན་ཞིག་རེད
ཨོ ཉི་ཟླའི་བརྩེ་བ་གྲོག་རོང་དུ་ལྷུང་ཞིང
བྱ་རོག་དང་འུག་པའི་ཟློས་གར་རི་རྩེ་ནས་འདྲེས་དུས
བརྗོད་མི་བདེ་བའི་སྤྲིན་ནག་གི་འགྱུར་ཁུག་སྤང་ལྗོངས་ལ་ཤར་མར་བྲིས་འདུག
དུས་དེར རོལ་དབྱངས་ཤིག་རེད་ཟེར་བ་ཙམ་ལས
ཁྱོད་ཀྱི་ཕྱི་མིག་ལ་ཁ་དོག་ཡོད་པའང་མཐོང་དཀའ
ངོ་མ བདེན་བདེན་འདྲ་བའི་འཇིག་རྟེན་འདི་ནས
རོལ་དབྱངས་སྙན་མོ་ཞིག་དཀྲོལ་དུས
མི་ཚེ་འདི་ཧ་ཅང་ཐུང་དྲགས་འདུག
ཁ་ངོ་མི་འདྲ་བའི་མི་འདི་ཚོ་ཉེ་ས་ནས་མཐོང་ཚེ
རོལ་དབྱངས་ལ་སྙན་ཆ་ཟེར་བ་ཞིག་གཏན་ནས་མི་འདུག
ཨཱ ཡང་དག་མི་ཟིན་པའི་ཚུལ་ལུགས་དང
ཁྱོད་བསམ་དགོས་པའི་ཆོས་ཉིད་དེ་དང་ལེན་བྱེ་རྒྱུ་ཤིན་ཏུ་དཀའ
མཉམ་སྒྲོག་རོལ་མོའི་དབྱངས་རྟའི་ཁྲོད
མི་ཚོགས་མང་པོའི་དུངས་ཞེན་ལྕི་མོ་ཡང་ཡང་འཁོར་ལ
ཉིན་ཞག་སྟོང་ཕྲག་གི་ངལ་དུབ་ཀྱང་རྟག་ཏུ་འཁོར་ཡོང
ངས རང་ཉིད་ཀྱི་མི་ཚེ་ལ་ལྡོག་རྩིས་བརྒྱབ་ནས
ལྗང་ལྡེམ་ལྡེམ་གྱི་མྱུ་གུ་ལ་ཚང་བརྩིས་བྱས་ཚེ
མ་ག་ཞི གཏན་དུ་ཚང་དགོས་པའི་མྱུ་གུ་མ་ཡིན་ཏེ
བརླག་གཤེར་འཛོམས་པའི〝ཞིང་ས〞དེ་ཡིན་པ་ཧ་གོ་སོང
གླུ་ཞིག་ལེན་འདོད་ཀྱིས་མགྲིན་པ་གཟེངས་སུ་བཏེགས་དུས
ཆེས་ཆེ་བའི་སེམས་ཁྲལ་རིགས་ཤིག་ནི
ཉན་མཁན་དང་གོ་མཁན་ཡོད་མེད་ཀྱི་བློ་དོགས་ཚ་བོ་དེ་རེད
དེ་ནི་སྤྱིར་བཏང་གི་རྨི་ལམ་ཞིག་མ་ཡིན་པར
ཉི་མིའི་དཀར་ངོགས་ཀྱི་རྨི་ལམ་དམིགས་བསལ་བ་དེ་རེད་འདུག
༢༠༠༢ལོའི་ཟླ༡༢ཚེས༡༨ཉིན་རྒྱལ་མོ་ཚ་བ་རོང་དུ་བྲིས་པའོ།།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།