སྐད་ཆ་དེ།
སྐད་ཆ་དེ ངའི་སྙིང་ལ་འཛེར་མ་བཞིན་ཟུག་ཡོད
ངའི་རུས་རྐང་གི་གསེང་ན སྐད་ཆ་དེའི་དབང་གིས
སུས་ཀྱང་བཟོད་ཐབས་བྲལ་བའི་ཟུག་གཟེར་དྲག་པོ་ཞིག
སྔར་ལྟར་ལུས་ཡོད་ཅེ་ན
ཁྱོད་ཀྱིས་རློམ་མི་སྲིད
ཁྱོད་ཀྱིས་དངོས་གནས་རློམ་མི་སྲིད
སྐད་ཆ་དེ་ནི་ཡལ་རྒྱུ་མེད་པའི་བྲག་ཅ་རྙིང་བ་ཞིག་རེད
སྐད་ཆ་དེ་ནི་མུན་ནག་གི་ནང་ནས་འཕུར་འོང་བའི
དུག་མདའ་རྣོན་པོ་ཞིག་རེད
ང་གང་དུ་སོང་ཡང
ང་གང་ནས་བསྡད་ཀྱང སྐད་ཆ་དེ་ཁོ་ན
ངའི་རྣ་ལམ་དུ་བྲག་ཅ་བཞིན་ཡང་ཡང་འཛུལ་འོང་ཞིང
ངའི་སྙིང་དབུས་ལ་འཛེར་མ་བཞིན་ཞེ་སྡང་གིས་ཟུག་འོང
སྐད་ཆ་དེ ཁྱོད་ཀྱིས་ང་ལ་མ་བརྗོད་ན་འོས
སྐད་ཆ་དེའི་དབང་གིས འཇིག་རྟེན་འདི་ནས
ང་ནམ་ཡང་ཕར་འགྲོ་ཡི་སྔོན་མ་ཡིན་ཞིང
ང་གཏན་དུ་ཚུར་འོང་གི་རྗེས་མ་ཡིན
2003.12.4ལ་ཕ་ཡུལ་ནས།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།