ཧ་པ།
ཧ་པ་ནི་ནམ་རྒྱུན་བདག་པོའི་རྗེས་སུ་རྔ་མ་འཕྲེད་དུ་གཡུག་སྟེ་ལྕེ་ནར་ནར་གྱིས་གནར་ནས་བདག་པོའི་རྣམ་འགྱུར་ལ་བལྟས་ཏེ་འདུར་རྒྱུག་བྱེད་དགོས། བར་བར་ལ་བདག་པོའི་ངོ་མདོག་འགྱུར་ནས་སྐད་ཙན་གྱིས་ཧ་པ་ཞེས་བོས་ཚེ་རྒྱུད་པ་ཞ་ཞ་དང་རྔ་མ་གཡུག་གཡུག་གིས་བདག་པོའི་བདག་པོའི་གམ་དུ་བསྡད་དེ། མགོ་བོ་དམའ་མོས་བདག་པོའི་ངོ་གདོང་ལ་ལྟ་ཞིང་། བར་བར་ལ་བདག་པོས་ཧ་པ་སྙིང་རྗེ་ཞེས་མགོ་ལ་བྱིལ་བྱིལ་བྱེད་དུས་ཧ་པས་རྔ་མ་གྱེན་དུ་བསླངས་ནས་ས་ལྡིང་གནམ་ལྡིང་བྱེད་ཅིང་བདག་པོའི་པང་དུ་མཆོངས་ནས་ལྕེ་ལྡག་བྱེད་སྲིད། བར་བར་ལ་ཧ་པའི་འགྲོ་སྡུག་སྤྱོད་གསུམ་གྱི་སྐྱོན་ཆ་རེ་ཁུར་ཚེ་བདག་པོའི་ཅི་ཡང་མི་སྨྲ་བར་རྡོག་ཐོ་གཅིག་གིས་ཕར་གཡུག་ཚེ། ན་ཟུག་གིས་སྐད་ངན་འདོན་བཞིན་རྒྱང་རིང་དུ་སོང་ནས་མིག་ཆུ་ཐར་ཐར་གྱིས་བདག་པོར་ལྟ་ཞིང་སླར་ཡང་རྡུང་རྡེག་རེག་པར་སྐྲག་སྣང་སྐྱེ། བར་བར་ལ་བདག་པོ་ཆང་གིས་བཟི་ནས་འབོལ་ཁྲིའི་སྟེང་ནས་མགོ་བོ་ཡར་བཀྱགས་ཚེ་ཧ་པ་ཡང་མྱུར་དུ་ཡང་ལངས་ཏེ་“སྐུ་ངོ་ལགས”ཁྱེད་ལ་ཅི་ཞིག་དགོས་ཞེས་པའི་རྣམ་འགྱུར་སྟོན་ཞིང་། བདག་པོས་དྲི་ངན་གྱིས་ཁང་ཁྱིམ་ཡོངས་སུ་གང་བའི་ཆང་རོ་བསྐྱུགས་ཚེ་ཧ་པ་མྱུར་དུ་ཡོང་ནས་ལྕེ་ལྡག་བྱེད་སྲིད།
ཧ་པ་ལ་ཡང་དེ་ལྟར་བྱེད་པ་རང་གི་དམིགས་ཡུལ་དང་ཕུགས་འདུན་ཡོད་ཅིང་ཁོའི་དམིགས་ཡུལ་དེའི་ཆེད་དུ་བདག་པོའི་ཁ་སྣབས་དང་གཅིན་སྐྱག་ལྕེ་ཡིས་ལྡག་ཐུབ་ལ། ཐ་ན་ངོ་ཚ་དང་གཞན་གྱིས་འཕྱ་སྨོད། རང་གི་ལ་རྒྱ་བཅས་ལ་ནམ་ཡང་བསམ་བློ་གཏོང་མི་སྲིད། ཡིན་ཡང་ཁོ་ལའང་ཞེ་སྡང་ཁོང་ཁྲོ་དང་ཕྲག་དོག་གི་མེ་ལྕེ་འབར་ནའང་རང་གི་བདག་པོར་གནོད་འཚེ་བྱེད་པའི་ནུས་པ་ཡེ་ནས་བྲལ། ཁོས་ནམ་རྒྱུན་དུ་བདག་པོར་ཉེན་ཁ་ཞིག་འབྱུང་བར་རེ་སྒུག་བྱེད་ཅིང་། དེ་དུས་བདག་པོའི་ཁང་ཁྱིམ་དང་རྒྱུ་ནོར་ལོངས་སྤྱོད་ཁོ་ལ་དབང་བས། བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་དམིགས་འདུན་བཅང་ཡོད།
སྤྱིར་ན་ཧ་པ་ཡང་རང་གི་རིགས་མཐུན་དང་བསྡེབས་ཏེ་རྩྭ་ཐང་གི་ཁྱི་མཆོག་ལྟར་རི་སྤྱང་གི་ཉེན་ཁ་ལ་ཕར་རྒོལ་བྱེད་པའི་སྤོབས་སེམས་བཅང་ནས་ནོར་གནག་དང་རྩྭ་ཐང་འདིའི་བདག་པོ་བྱེད་པའི་ཕུགས་འདུན་བཅང་ཆོག་ན་ཡང་། ཧ་པ་ནི་དེ་ལྟར་མིན་པར་རང་གི་རིགས་མཐུན་ལ་མི་དགའ་བར་མཐོ་རིམ་མི་དང་འབྲེལ་བ་བྱེད་པར་ཧ་ཅང་དགའ་བ་མ་ཟད་མིའི་ཐོབ་ཐང་དང་མིའི་ལོངས་སྤྱོད། མིའི་གཟི་བརྗིད་བཅས་ལ་ནམ་ཡང་ཡིད་སྨོན་བྱེད་སྲིད།
ཧ་པ་ནི་མི་དང་ཐག་ཆེས་ཉེ་ཞིང་མི་དང་ལྷན་དུ་འཚོ་བ་རོལ་ཐུབ་ནའང་། ཧ་པ་ནི་ནམ་ཡང་ཧ་པ་ཡིན། དེའི་ཕྱིར་ཧ་པ་ནི་ཁྱི་ཡི་རིགས་སུ་གཏོགས་ཤིང་ཁྱི་ཡི་རིགས་ལས་ཀྱང་ཆེས་ཉམ་ཆུང་ཞིང་ནུས་པ་མེད་པས། ཧ་པས་ཡོད་ཚད་ཀྱི་ཡོད་ཚད་བདག་པོར་ཡུལ་ཡང་ཧ་པའི་སྟོང་བསམ་དེ་ནམ་ཡང་འགྲུབ་མི་ཐུབ། རྒྱུ་མཚན་ཁོ་ནི་མིང་དོན་མཚུངས་པའི“ཧ་པ”ངོ་མ་ཞིག་ཡིན་ནོ།།
རྩོམ་ཁུངས། ༢༠༠༤ལོའི་དུས་རབས་ཀྱི་ང་།