སྐྱེས་ནས་སྐད་ཅིག་ཙམ་ཡང་སྡོད་དབང་དེ་མེད་པར། །
འཆི་བདག་གཤིན་རྗེའི་དྲུང་དུ་བང་རྩལ་གྱིས་རྒྱུགས་པས། །
གསོན་པོ་ཟེར་ཡང་འཆི་བའི་ལམ་ཆེན་དུ་ཞུགས་འདུག །
ཉེས་ཅན་གསོད་སར་འཁྲིད་པའི་སྣང་ཚུལ་འདིས་སྐྱོ་བ། །
རྒྱལ་དབང་སྐལ་བཟང་རྒྱ་མཚོའི་གསུང་མགུར།
ཁ་སང་དེ་རིང་ཞིག་ལ་འཆི་བའི་འཇིགས་སྐྲག་ཅིག་མ་བསམས་ས་ཟིག་ནས་ཡོང་གི་འདུག སྐབས་རེར་ནམ་གུང་དང་ལན་རེར་ཉིན་གུང་། ནད་པ་ཟུངས་ཟད་ཅིག་དང་འདྲ་བར་ང་ལ་འཆི་བའི་འཇིགས་སྣང་ཞིག་ཡོང་གི་འདུག བཙོན་མ་སྲོག་ཁྲིམས་བཅད་ཡོད་པ་ཞིག་དང་མཚུངས་པར་ང་ལ་འཆི་ཁའི་ཚོར་སྣང་ཞིག་སྐྱེ་གི་འདུག ཉལ་ཁང་སྟོང་བའི་ནང་དུ་གློག་ཀླད་ལ་ཅེར་དུས་ཀྱང་། བཟང་ས་ཉེ་སའི་མཉམ་དུ་ཟ་འཐུང་ལ་རོལ་དུས་ཀྱང་། མཛེས་སྡུག་ལྡན་པའི་སྤྱི་གླིང་ལ་འཆམ་འཆམ་དུ་འགྲོ་དུས་ཀྱང་། གནམ་གྲུར་བསྡད་དེ་ཐག་རིང་ལ་གུང་གསེང་དུ་བསྐྱོད་དུས་ཀྱང་། གོམ་པ་བརྒྱབ་ནས་ཐག་ཉེ་རུ་རྒྱུགས་བཤར་གློད་དུས་ཀྱང་། ང་ལ་འཆི་བདག་གི་མགྲོན་ཤོག་ཅིག་དུས་ཚོད་ངེས་མེད་ཅིག་གི་ནང་དུ་འབྱོར་ཡོད་པའི་ཚོར་སྣང་འཇིགས་པོ་ཞིག་སྐྱེ་གི་འདུག ལོ་ཚོད་ལ་དཔགས་ན་ད་དུང་འཆི་དགོས་པའི་དུས་ཚོད་མིན་ལ། གཟུགས་གཞིར་བརྟགས་ན་ཡང་ད་རུང་འཆི་དགོས་པའི་ན་ཚ་ཅི་ཡང་མེད། ཡིན་ན་ཡང་། འཆི་བདག་འདི་ངའི་ལུས་སེམས་ཀྱི་གྲུ་ཟུར་ཞིག་ཏུ་གྲགས་མེད་གཟུགས་མེད་ཀྱིས་ཡིབ་བསྡད་ཡོད་པའི་ཚོར་བ་ཞིག་གིས་ཉིན་མཚན་མེད་པར་ངའི་ལུས་སེམས་ཀྱི་ནུས་ཤུགས་གཅོག་གིན་འདུག ངའི་ཕུགས་བསམ་གྱི་རི་མོ་བསུབ་ཀྱིན་འདུག ངའི་སློབ་སྦྱོང་གི་སེམས་ཤུགས་ཀྱང་ཉམས་ཀྱིན་འདུག ཡང་སྐབས་རེར་བསམས་ན་ལོས་ཀྱང་ཡིན། ངའི་གཡས་ནས་རྒན་རྒོན་འཆི་གི་འདུག ངའི་གཡོན་ནས་དར་མ་འཆི་གི་འདུག ངའི་མདུན་ནས་བྱིས་པ་ཡང་འཆི་གི་འདུག་ལ། ངའི་རྒྱབ་ནས་རྒན་དར་གཞོན་གསུམ་སྡེབས་གཅིག་ལ་ཡང་འཆི་གི་འདུག་པས། ང་རང་ཡང་མི་འཆི་བའི་ཡིག་ཆ་དང་ཐེལ་ཙེ། ཡང་ན་ས་ཡིག་ཅིག་སུས་བརྒྱབ་ཡོད་དམ། འཆི་བའི་ཚོར་སྣང་འདིས་སྐབས་རེར་ནམ་གུང་གི་རྨི་ལམ་རིང་མོ་དཀྲོགས་ཡོང་གི་འདུག་ལ། མཚམས་རེར་ཉིན་གུང་གི་ཟ་མ་ཞིམ་པོའི་བྲོ་བ་ཡང་བརླགས་ཡོང་གི་འདུག སྐྱེ་འགྲོ་ཀུན་ལ་མཚོན་ན་སྐྱེ་བ་སྔ་ཕྱི་ཟེར་བ་དེ་ལ་ངོས་ལེན་ཡོད་མེད་གང་ལྟར་ཡང་འཆི་བ་འདི་ནི་ཇི་འདྲའི་འཇིགས་པོ་ཞིག་རེད་ཨང་། ཀུན་གྱིས་གཡོལ་ཐབས་བྱེད་པ་དེ་འཆི་བ་འདི་རེད་ལ་ཀུན་གྱིས་གཡོལ་ཐབས་བྲལ་བ་ཡང་འཆི་བ་འདི་རེད། འཆི་བ་མི་དྲན་པའི་མི་རྣམས་ལ་དམིགས་ནས་སྔོན་གྱི་ནང་པའི་སློབ་དཔོན་སྙན་གྲགས་ཅན་དག་གིས་ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གྱིས་མི་ཕན་པའི་དོན་ཚན་གསུམ་གྱི་སྒོ་ནས་འཆི་བ་དྲན་སྟངས་ཤིག་ཀྱང་གསུངས་ཡོད་པ་རེད་ལ། སློབ་དཔོན་ཞི་བ་ལྷས་གོང་གི་དོན་ཚན་འདི་གསུམ་ལ་དམིགས་ནས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་ཆ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིག །ཅེས་པའི་ཁ་ཏ་ཞིག་ཀྱང་བྱས་ཡོད་པ་རེད། འཆི་བའི་འཇིགས་སྐྲག་འདི་མཐར་དེད་ན་ང་རང་མེད་པ་ཆགས་འགྲོ་རྒྱུ་རེད་བསམས་པའི་ཚོར་སྣང་ཞིག་ལ་ཐུག་ཡོད་པ་འདྲ། སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ནང་པ་ཞིག་ལ་མཚོན་ན་ཡང་ང་རང་མེད་པ་ཆགས་པའམ་ཡང་ན་རྩ་བརླག་ཏུ་འགྲོ་རྒྱུ་རེད་བསམས་པའི་ཚོར་སྣང་འདི་རང་གིས་འཆི་བ་མི་འདོད་པའི་ཚོར་བ་དེ་ཡོང་གིན་ཡོད་པའམ་འཆི་བ་ལ་ཞེད་པའི་འཇིགས་སྐྲག་དེ་མྱོང་གི་ཡོད་པ་འདྲ། གང་ལྟར་ལོ་ཟླ་འདི་དག་ཏུ་ང་ལ་མཚོན་ན་འཆི་བདག་དེས་ང་རང་འགྲོ་ས་འདུག་ས་གང་སར་རྗེས་དེད་ནས་སླེབ་ཡོང་གིན་ཡོད་པའི་ཚོར་བ་དེ་ཇེ་མང་ནས་ཇེ་འཇིགས་རེད། འཆི་བའི་འཇིགས་སྣང་འདི་དང་འཆི་ཁའི་མནར་གཅོད་གཉིས་ཀྱི་གང་ཞིག་ཚབས་ཆེ་འམ། ངའི་ཉེ་འབྲེལ་སྐྱེས་དམན་ཞིག་ལོ་མང་ནད་ཀྱིས་མནར་ནས་ཤ་ཟད་རུས་པར་ཐུག་ཡོད་ཀྱང་འཆི་ཁའི་དུས་དུ་མནར་གཅོད་དྲག་པོ་ཞིག་གིས་གདུངས་ཏེ་གསར་བུ་རེ་རྐང་ལག་རེ་ལ་འཇུས་ཀྱང་ཐུབ་མི་ཐུབ་ཀི་ཚད་རེད་ཟེར། ཨ་ཨ། འཆི་བའི་འཇིགས་སྣང་རྫོགས་མེད་འདི། འཆི་ཁའི་མནར་གཅོད་དྲག་པོ་དེ། ཨོ། དྲ་གྲོགས་ཁྱེད་རྣམ་པར་ཚོར་སྣང་འདི་འདྲ་རེ་སྐྱེ་གིན་འདུག་གམ་མི་འདུག གང་ལྟར་ང་ཚོ་འཆི་རྒྱུ་རང་རེད།
མདོ་རྒྱ་ཆེར་རོལ་བ་ལས།
གང་དུ་ཕྱིན་ནའང་འཆི་བས་མི་ཚུགས་པའི། །
ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །
བར་སྣང་ལ་མེད་རྒྱ་མཚོའི་ནང་དུ་མེད། །
རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མེད། །
རྩོམ་ཁུངས། ངེད་དྲ་བ།